དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུའི་ཐོག་མིག་སྔའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་དེ་མངོན་གསལ་དོད་པོའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད།

        མི་རིགས་དང་ཆོས་ལུགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད། མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུ་དེར་རྒྱལ་གཅེས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་། མི་རིགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ། དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་སྤྱི་ཚོགས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཚང་མར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།

        བོད་ཀྱི་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་དེ་བོད་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་དང་ཐད་ཀའི་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་དུས་འབབ་གསར་པའི་འོག་བོད་ཀྱི་ལས་དོན་ཐད་བཏོན་པའི “ངེས་པར་དུ་བདུན ”ནང་གི་གཅིག་ནི “ངེས་པར་དུ་མི་སེམས་གཅིག་ཏུ་འགྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་ཏེ་མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས ”ཞེས་པ་དེ་ཡིན་པ་དང་དུས་མཚུངས “ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་དང་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམས་རྒྱུར་སྣེ་ཁྲིད་བྱ་རྒྱུའི ”བོད་ཀྱི་ཆོས་ལུགས་ལས་དོན་གྱི་བླང་བྱ་ཁ་གསལ་བཏོན་གནང་ཡོད།

        མི་རིགས་དང་ཆོས་ལུགས་ལས་དོན་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་ལེན་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་བཅས་ཀྱི་ཐོག་ནས་དུས་སྐབས་གསར་པའི་མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་པ་དང་བོད་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཐད་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ཏེ་གཙོ་གནད་ཞིབ་འཇུག་བྱེད་པ་དང་མི་རིགས་དང་ཆོས་ལུགས་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་དེ་ཡིན།

        མི་རིགས་ཆོས་ལུགས་ལས་དོན་ལ་དམ་འཛིན་ནན་ཏན་བྱེད་པར་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་བྱ་གཙོ་བོ་སྟངས་འཛིན་ནན་པོ་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་དགོས་པ། མི་རིགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་དང་ཀྲུང་ཧྭ་རིག་གནས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་ངོས་འཛིན་གཅིག་མཐུན་ཡོང་བའི་བསམ་བློ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

        མི་རིགས་ཆོས་ལུགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་འབྲེལ་ཡོད་ཆོས་ལུགས་ལས་དོན་དོ་དམ་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཁྲིམས་ལྟར་དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། དགོན་སྡེའི་དམངས་གཙོ་བདག་གཉེར་ཨུ་ལྷན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེར་སྒྲིག་གཞི་དང་མི་གྲངས་གཏན་འཁེལ་བྱེད་པ། དགོན་སྡེའི་དཔེ་ཆ་སྦྱོང་བའི་འཛིན་གྲྭར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲྭ་བཙུན་ཚོས་རང་རྟོགས་ངང་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་ནང་མི་ཞུགས་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ནང་མི་ཞུགས་པ་བྱེད་དགོས། ཆོས་སྲིད་ཐ་དད་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་ཆོས་ལུགས་ཀྱིས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་བཅས་ལ་ཐེ་གཏོགས་མི་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱིའི་ཕྱོགས་གཏོགས་ཀྱིས་ཐེ་ཇུས་དང་སིམ་འཛུལ་བྱ་རྒྱུར་སྔོན་འགོག་བྱེད་དགོས། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་གིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱིས་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུར་མཐུན་སྒྲིལ་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། ཆོས་ལུགས་སྤྱད་དེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་རྒྱུར་རྡུང་རྡེག་ནན་པོ་གཏོང་དགོས་པ་བཅས་རེད། ཆོས་ལུགས་དབར་འཆམ་མཐུན་ཡོང་བ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་སྟོབས་ཤུགས་དབར་དང་མཐུན་སྒྲིལ་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་དང་ཆོས་ཁྲིམས་ཐད་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་འཚམས་པའི་འཆད་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས།

        མི་རིགས་ཆོས་ལུགས་ལས་དོན་ལ་དམ་འཛིན་ཧུར་ཐག་བྱེད་པར་སྨན་བཅོས་དང་། རྒན་གསོ། མ་མཐའི་འཚོ་བའི་འགན་ལེན། འགན་ལེན་ལྔ་བཅས་ཀྱི་སྲིད་ཇུས་དགོན་སྡེར་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་དགོས་པ་དང་། དགོན་པའི་རིག་དངོས་ཉམས་གསོ་དང་དེ་བཞིན་ཆོས་ལུགས་ལས་རིགས་མི་སྣའི་འཚོ་བའི་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་དགོས་པ། མཐུན་སྦྱོར་གྱི་མཐུན་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཆོས་ལུགས་ལས་རིགས་མི་སྣར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེགས་ཚོར་དུ་འཇུག་དགོས་པ་བཅས་དང་དུས་མཚུངས་གཙོ་གནད་དགོན་སྡེའི་བདག་སྐྱོང་མི་སྣར་གསོ་སྦྱོང་ཧུར་ཐག་བྱས་ནས་གསོ་སྐྱོང་དང་། འདེམས་བསྐོ། བེད་སྤྱོད་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཤེས་རྒྱ་ཟབ་པ། ཚུལ་ཁྲིམས་སྲུང་ཐུབ་པ་བཅས་ཀྱི་ཚད་ལྡན་ཆོས་ལུགས་ལས་དོན་མི་སྣའི་དཔུང་ཁག་གཅིག་ཧུར་ཐག་བཙུགས་ནས་ཞི་མཐུན་སྤྱི་ཚོགས་གཏོད་རིང་གི་ཁོང་ཚོའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།