དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་བསྐྱངས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུའི་ཐོག་ནན་བཤད་གནང་དོན། མིག་སྔའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པར་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ང་ཚོའི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཞིག་ཡིན། དེ་ནི་བོད་ཀྱི་ལས་དོན་ལ་འཛིན་པའི་ཀྲུང་དབྱང་གི་བླང་བྱ་ཡིན་པ་མ་ཟད། རང་རེའི་ཏང་གིས་མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རྩ་བའི་བླང་བྱ་ཞིག་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་པའི་རྩ་བའི་དམིགས་ཡུལ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་དང་རེ་བ་ཞིག་ཀྱང་ཡིན་པར་བརྟེན་ང་ཚོས་ངེས་པར་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བློ་བརྟན་འགྱུར་མེད་ངང་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་། “དམངས་ཕྱུག་བོད་དར ”གྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ། མི་རྩ་བར་འཛིན་པ་དང་། དམངས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། དམངས་ཀྱིས་དོ་ཁུར་བྱེད་སར་དོ་ཁུར་བྱེད་པ་དམངས་ལ་སྤྲོ་བ་སྐྱེ་དུས་རང་ཉིད་ཀྱང་མཉམ་དུ་རོལ་བ། “སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ ”བཅས་བྱ་རྒྱུའི་དམིགས་ཚད་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་ལྷག་པར་དུ་ཞིང་འབྲོག་ཁུལ་དུ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་དཀའ་བ་སོགས་ཀྱི་གནད་དོན་ཆེད་མངགས་ཐག་གཅོད་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ཡག་པོ་སྒྲུབ་པ་དང་། སྲུང་སྐྱོང་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་ཚོར་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད།

        བདེ་སྡོད་ལས་གྲྭ་ཚད་བརྒལ་སར་བྱས་པའི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མིག་སྔར་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞི་ཆགས། ཡུལ་ནད་བྱུང་ཁུལ་མང་ཚོགས་གནས་སྤོ་སོགས་ཀྱི་འདུ་འགོད་ལག་ལེན་ཡག་པོ་བསྟར་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་ཆུ་གློག་ལམ་གཤེར་རླངས་ཆ་འཕྲིན་དང་དེ་བཞིན་རླུང་འཕྲིན་བཪྙན་འཕྲིན་དང་སྦྲག་སྲིད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཐབས་ལམ་མང་དུ་གཏོང་རྒྱུ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་ལེན་བྱེད་དགོས།

        ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཐབས་ལམ་ཆེ་རུ་གཏོང་དགོས། ལས་ཞུགས་ལས་གནས་སྔར་ལས་མང་བ་བཏོད་ནས་ངལ་རྩོལ་པར་ལས་ཞུགས་བྱེད་པར་ལས་གནས་དང་ལས་ལམ་གཏོད་པར་ཁོར་ཡུག་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ལས་ཞུགས་རྒྱ་ཆེ་གཏོད་པའི་ཤུགས་རྐྱེན་བཟང་པོ་ཐེབས་ཐབས་བྱེད་པ། ངལ་རྩོལ་པར་སྲིད་ཇུས་ཐོག་ནས་རོགས་རམ་བྱེད་པ། ཁེ་ལས་ཀྱིས་མི་སྤྱོད་རྒྱུར་སྲིད་ཇུས་ཐོག་ནས་ལྕག་སྐུལ་གཏོང་བ། འཚོ་བར་དཀའ་ངལ་ཆེ་བའི་མང་ཚོགས་ལ་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་མཁོ་འདོན་གནས་ཚུལ་དུས་ཐོག་ཏུ་བདའ་འདེད་དང་ཁྲིད་སྟོན་བཅས་བྱེད་དགོས། མིག་སྔར་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱ་རྒྱུར་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཞིང་འབྲོག་པ་རྣམས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་ཞུགས་ནས་དངུལ་སྨར་འཕར་ཐབས་བྱ་རྒྱུ། སྤྱི་ཕན་བྱ་གཞག་གི་ལས་གནས་གསར་སྤེལ་ཤུགས་ཆེན་བྱས་ནས་ལས་ཀ་ཡུན་རིང་ཤོར་མཁན་དང་། སློབ་ཆེན་སློབ་མ། “ལས་ཞུགས་གཏན་ནས་མེད་མཁན ”ཁྱིམ་ཚང་། དབང་པོ་སྐྱོན་ཅན་བཅས་ལ་ལས་ཞུགས་ཐག་གཅོད་བྱ་རྒྱུ། ལས་ལམ་གཏོད་རྒྱུར་ལྕག་སྐུལ་བཏང་ནས་ལས་ཞུགས་ཡོང་ཐབས་བྱ་རྒྱུ། ལས་ལམ་གཏོད་པར་སྲིད་ཇུས་ཐོག་ནས་རོགས་རམ་དང་དཔྱ་ཁྲལ་གྱི་གཟིགས་སྐྱོང་སོགས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྒྲིག་འཛུགས་ལྡན་པའི་ལས་ཞུགས་གསོ་སྦྱོང་དང་ངལ་ནུས་ཕྱིར་གཏོང་བྱ་རྒྱུ། ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་བཅས་ཡིན།

        སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་གཟིགས་སྐྱོང་བཅས་ཚུད་པའི་སྤྱི་ཚོགས་ཀྱི་འགན་ལེན་མ་ལག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཀ་རྟེན་གཙོ་བོ་ཡིན་པས་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་དམ་ཟབ་ཡོད་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་མཐུན་སྦྱོར་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་དོན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྲུན་གྱི་ལས་དོན་ཁག་མདུན་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས། མིག་སྔའི་གྲོང་གསེབ་གསར་པའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཚོད་ལྟ་རྒྱ་ཆེར་གཏོང་རྒྱུར་དམ་འཛིན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བ། སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་འགན་བཅོལ་ཁེབས་རྒྱ་ཆེ་རུ་དང་སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་འགན་བཅོལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

        སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་ཀྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་དང་བདེ་ཐང་གི་དགོས་འདུན་སྐོང་དགོས། “འགན་ལེན་གསུམ ”དང་སློབ་སྐྱོར་བྱ་དགའི་དངུལ་གྱི “ཚད་གཞི་དང་ཁེབས་རྒྱ་ཆེ་རུ་གཏོང་བའི ”སློབ་གསོའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་ནས་ཞིང་འབྲོག་ཁུལ་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ་བཅས་ཀྱི་དུས་རིམ་དུ་སྤྱིར་ན་སློབ་ཡོན་རྩ་ཆག་གཏོང་ཐུབ་རྒྱུ་དང་། དགེ་འོས་སློབ་གྲྭ་དང་ཞིང་འབྲོག་ནགས་ཆུ་གཏེར་བཅས་དང་འབྲེལ་བའི་ཆེད་ལས་ལ་ཐོ་འགོད་མཁན་སློབ་མའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གིས་ཕྲུ་གུ་སློབ་གྲྭར་གཏོང་དཀའ་བའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས “སློབ་གྲྭར་བསྐྱོད་ས་མེད་པ་དང་། སློབ་གྲྭར་བསྐྱོད་མི་ཐུབ་པ། སློབ་གྲྭར་གཏོང་མི་ཐུབ་པ ”བཅས་ཀྱི་དཀའ་ངལ་སེལ་དགོས། སྤྱི་ཚོགས་ཀྱི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་བཏང་ནས་ནོར་ཤུགས་སྔར་ལས་མང་བ་ཞིག་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་གཏོང་རྒྱུ་དང་། སྲིད་ཇུས་ཐོག་ནས་གཏོང་རྒྱུའི་མ་དངུལ་སྔར་ལས་མང་བ་ཞིག་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་ལ་ལྟ་རྟོག་བྱེད་དགོས། སྤྱི་པའི་ཞབས་ཞུ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་ཐད་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།