དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དོན་སྙིང་ཨང་དང་པོ་ནི་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་རྒྱུ་མཚན་ཉག་ཅིག་ཡིན་ལ་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩའང་ཡིན་པས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་ནན་པོ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པ། འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

        ཉེ་ཆར་འཚོགས་པའི་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུའི་ཐོག་ཇི་ལྟར་བྱས་ནས་དེང་སྐབས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་ལྷག་པར་དུ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པའི་ཕྱོགས་དྲུག་གི་ལས་དོན་ཁྲོད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ནི་དེའི་ནང་གི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

        འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཡིན་པས་བོད་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན།   

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁྲེན་ཆོན་གོས་བཏོན་གནང་བའི་བླང་བྱ་ལྟར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བརྗོད་བྱ་གཙོ་བོ་དང་གཙོ་སྣེར་དམ་པོར་དམིགས་ཏེ་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་ཡག་པོ་བྱས་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་སྟེ།

        དང་ཐོག་དེང་སྐབས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་དམ་འཛིན་ཡག་པོ་བྱེད་དགོས། ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོད་པ་དང་སླད་ཕྱིན་གྱི་ཟླ་བ་བཞི་ལྷག་ཙམ་རིང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུའི་ཐོག་བཏོན་པའི་བླང་བྱ་ལྟར་དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱས་ནས་སྔར་ལས་ལྷག་པའི་ངང་ལས་དོན་ལེགས་པར་བསྒྲུབ་སྟེ་དམ་པ་དོན་གཉེར་དང་དོན་འཁྱོལ་དམ་འཛིན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཁག་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

        དེ་དང་དུས་མཚུངས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་ཡོང་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཟླ་བདུན་པའི་ཟླ་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་གྱི་འཆར་འགོད་ཇུས་གཞིར་ཆོག་མཆན་གནང་ཡོད་པས་རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ལས་འགན་དབྱེ་ཕྲལ་བྱེད་རྒྱུ་དུས་ཚོད་དམ་འཛིན་ངང་ཡག་པོ་སྒྲུབ་པ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་བསྒྲུབ་ནས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་སྔ་ཙམ་སྦྲེལ་མཐུད་ཡོང་བ་བྱས་ཏེ་ལོ་མཇུག་གོང་དུ་གལ་ཆེའི་རྣམ་གྲངས་ཁག་གཅིག་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་བྱས་ནས་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས།

        རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་དགོས། ངོས་འཛིན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བསམ་ཕྱོགས་རྒྱ་ཆེར་བཏང་ནས་གསར་གཏོད་རང་བཞིན་ངང་ལས་དོན་སྤེལ་བ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་ཙམ་ངང་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་ཧུར་ཐག་སེལ་བ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དངོས་པོའི་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

        ཐོན་ལས་གསུམ་གྱི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་དགོས། དེའང་ཐོན་ལས་དང་པོའི་ཐད་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་དང་ཞིང་འབྲོག་ཐོན་རྫས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་མགྱོགས་ཙམ་བྱེད་པ་དང་ཁྱད་ལྡན་ཞིང་འབྲོག་ལས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་ཞིང་འབྲོག་ཐོན་རྫས་ཞིབ་ཚགས་ལས་སྣོན་བྱེད་པར་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་ཁུལ་དང་ཐོན་རྫས་རྟེན་གཞི་ཁག་གཅིག་ཡག་པོ་བསྐྲུན་པ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་སྣ་འདྲེན་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཐོན་ལས་གཉིས་པའི་ཐད་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལེགས་ཆ་ལྡན་པའི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། བོད་སྨན་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་སྟོབས་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས་པ། ཐོན་ལས་གསུམ་པའི་ཐད་ཁྱད་ལྡན་ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དམིགས་སུ་འཛིན་དགོས་པ་དང་། བོད་ཀྱི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་ས་མཐོའི་ཡུལ་ལྗོངས་བརྗིད་ཆགས་ཡིད་འོང་ཡོད་པས་ཡུལ་སྐོར་དེ་ཉིད་རིག་གནས་དང་སྣོད་བཅུད་དང་མཉམ་འདྲེས་ཡོང་བ་བྱེད་པ་དང་། ཡུལ་སྐོར་འཆར་འགོད་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲལ་སྐྱོབ་ནུས་པ་མགྱོགས་ཙམ་འཛུགས་སྐྱོང་བྱེད་པ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་དེ་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་ཤིག་ཏུ་ཧུར་ཐག་གཏོད་དགོས།

        ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འཐབ་ཇུས་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་བཅས་ཡོད་ཚེ་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་འགྲོ་ངེས་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་དང་། མཐུན་སྦྱོར་བརྟན་ལྷིང་། དམངས་འཚོ་ལེགས་པ། མི་རིགས་མཐུན་སྒྲིལ། བྱ་གཞག་འཕེལ་རྒྱས། སྣོད་བཅུད་བཟང་པོ་བཅས་ཀྱི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཡོང་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།