ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི“དམངས་གཙོའི”གཏམ་སྤྱོད་ཀྱི་གཡོ་རྫུས་གདོང་རིས།
ཉེ་ལམ་དུས་མཚམས་ཤིག་ནང་ཕྱི་ཕྱོགས་ལ “ཆབ་སྲིད་ཀྱི་དབང་ཆ་ཕྱིར་འཐེན་བྱེད་ཀྱི་ཡིན ”ཞེས་ཡང་ཡང་ཤོད་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “ཆོས་སྤེལ་རྒྱུར ”ཁ་གཡར་ནས་ཡོ་རོབ་རྒྱལ་ཁབ་དང་ཨ་རིར་འཁྱམ་མྱུལ་གྱིས་ཕྱི་རྒྱལ་གྱི་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ཐུག་འཕྲད་ཡོང་རེ་བྱས་ཐོག “དམངས་གཙོ ”ཟེར་བ་བརྒྱ་བཤད་སྟོང་བཤད་བྱས་ཏེ་ཁོ་པའི་སྦྱིན་བདག་ལ་སྤྲེལ་ལད་ཤོད་ཀྱི་ཡོད། ཟླ་འདིའི་ཟླ་འགོར་ཁོ་པས་ཧྥ་རན་སེར་འཁྱམ་མྱུལ་མ་བྱས་གོང 《འཛམ་གླིང་ཚགས་པར 》གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་གཡོ་རྫུ་ཆེན་པོས “ཆབ་སྲིད་གཙོ་འཛིན་གྱི་གོ་བབ་ནས་ཕྱིར་འཐེན་གྱི་སྐུལ་སློང་ནི་དང་ཐོག་ལོ་ན་ཆུང་དུས་དམངས་གཙོའི་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་གོང་བཀུར་བྱེད་པ་ལས་བྱུང་བ་ཞིག་ཡིན ”ཞེས་བཤད་ནས་རང་ཉིད་ཀྱིས “ཆོས་སྲིད་ལོགས་དབྱེ་དགོས་པ་དང་རྒྱལ་ཁབ་ལ་རྒྱལ་པོའམ་ཡང་ན་ཆོས་ལུགས་གཙོ་འཛིན་གྱིས་དོ་དམ་བྱེད་པའི་བྱེད་སྟངས་དེ་ནི་བྱེད་སྟངས་ཪྙིང་པ་ཞིག་ཡིན་པའི་ངོས་འཛིན་ཐོག་མཐའ་བར་གསུམ་དུ་བྱེད་ཀྱི་ཡོད ”ཅེས་བཤད་ཡོད།
དེ་ནི་འཇིག་རྟེན་ཀུན་ཏུ་གད་མོ་བྲོ་དགོས་པ་ཞིག་རང་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཪྙིང་པའི་ལོག་སྤྱོད་དང་རྗེས་ལུས་ཀྱི་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྤྱིའི་ཚབ་བྱེད་ཡིན་པའི་ངོས་ནས་ཁོ་པས་ཡུལ་དུས་མི་འདྲ་སར་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ངོ་བསྟོད་ཆེ་བརྗོད་ཐེངས་མང་བྱས་ཏེ “ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོ་དང་རང་དབང་ནི་ང་ཚོའི་དམིགས་ཡུལ་ཡིན ”ཞེས་འུད་སྒྲོག་བྱས་པ་བརྗེད་པ་ཡིན་གྱི་རེད། ཀུན་གྱིས་ཤེས་གསལ་ལྟར་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་དེ་ནི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་དགེ་འདུན་བཅས་མངའ་བདག་ཆེན་པོ་གསུམ་གྱིས་མཉམ་འབྲེལ་ཐོག་སྲིད་དབང་སྒེར་འཛིན་བྱེད་པའི་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་ཡིན་པ་དང་། དབང་སྒྱུར་གྲལ་རིམ་གྱིས་བོད་ཀྱི་མི་འབོར་གྱི་5%ཡང་མ་ཟིན་རུང་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་བཅས་ཚང་མ་དང་དེ་བཞིན་ཕྱུགས་རིགས་མང་ཆེ་བ་བདག་གིར་བཟུང་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རང་ཉིད་ཁོ་ནར་གསེར་སྲང་ཁྲི་16དང་། དངུལ་སྲང་ཁྲི་9500 ནོར་བུའི་རིགས་ཆས་དང་གཡང་ཊིའི་ཡོ་བྱད་ཁྲི་གཉིས་ལྷག་ཙམ། དར་གོས་སྣ་ཚོགས་དང་དེ་བཞིན་རྩ་ཆེའི་པགས་རིགས་ཀྱི་གྱོན་ཆས་ཁྲི་གཅིག་ལྷག་ཙམ་བཅས་ཡོད། ཁོ་པའི་ཁྱིམ་རྒྱུད་ལ་གཞིས་ཀ་27དང་འབྲོག་ར་30དང་ཞིང་བྲན་6000ལྷག་ཙམ་ཡོད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་བྲན་བཀོལ་འོག་ཞིང་བྲན་དང་བྲན་གཡོག་ཁྲི་བརྒྱ་ལྷག་ཙམ་གྱིས་དུད་འགྲོ་ལྟར་གྱི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ཨ་རིའི་བོད་རིག་པ་མཁས་ཅན་ཐན ·ཀེ་ལུན་ཕུའུ་ཡིས་1940ལོར་བོད་ཤར་ཁུལ་དུ་བརྟག་དཔྱད་ཐེངས་ཤིག་བྱས་པའི་ཐོག་ནས་ཁྱིམ་ཚང་38%ལ་ཇ་གཏན་ནས་འཐུང་རྒྱུ་མེད་པ་དང་། ཁྱིམ་ཚང་51%ལ་མར་ཟ་རྒྱུ་མེད་པ། ཁྱིམ་ཚང་75%ཡིས་སྐབས་འགར་རུས་པ་དང་མཉམ་དུ་བཙོས་པའི་ཡུ་གུའི་ཕྱེ་མའམ་ཡང་ན་སྲན་ཞིབ་དང་རི་རྩྭ་མཉམ་དུ་བསྲེས་པའི་ཐུག་པ་མི་འཐུང་ཀ་མེད་ཡོང་གི་ཡོད། “ཞིང་བྲན་མགོ་ཐོག་གི་རལ་གྲི་ཆེན་པོ་གསུམ་ནི་ཁྲལ་མང་བ་དང་། བོགས་མ་ལྕི་བ། སྐྱེད་ཀ་མཐོ་བ་བཅས་ཡིན་པ་དང་། ཞིང་བྲན་གྱི་མདུན་དུ་ལམ་གསུམ་ཡོད་པ་དེ་ནི་མུག་བྱོལ་དུ་འགྲོ་བ་དང་། བྲན་གཡོག་བྱེད་པ། སློང་མོ་བྱེད་པ་བཅས་ཡིན་པ ”དེ་ནི་སྐབས་དེ་དུས་ཀྱི་ཞིང་བྲན་གྱི་ཡ་ང་བའི་ལས་དབང་གི་ངོ་མཚོན་པ་ཞིག་རེད།
གལ་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “ལོ་ཆུང་དུས ”ནས་བཟུང “དམངས་གཙོའི་ཆབ་སྲིད་སྒྲིག་སྲོལ ”ལ་གོང་བཀུར་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་ན་ཁོ་པས་1950ལོར “སྲིད་བསྐྱངས་པ ”ནས་1959ལོའི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལོ་དགུ་ཡི་དུས་ཚོད་ནང “ཆོས་སྲིད་ལོགས་དབྱེ ”བྱས་ཏེ་ཁོ་པའི “དམངས་གཙོའི་ཆབ་སྲིད་སྒྲིག་སྲོལ ”ལ་གོང་བཀུར་བྱེད་པའི་ནུས་པ་རྦད་དེ་ལྡན་ཡོད། 《གྲོས་མཐུན་དོན་ཚན་བཅུ་བདུན 》ནང་སྐབས་དེ་དུས་ཀྱི་བོད་ཀྱི་རྗེས་ལུས་ཀྱི་སྤྱི་ཚོགས་ལམ་ལུགས་ལ “བོད་ས་གནས་སྲིད་གཞུང་གིས་རང་འགུལ་ངང་སྒྱུར་བཅོས་བྱེད་དགོས ”ཞེས་གསལ་པོ་བསྟན་ཡོད། འོན་ཀྱང་ལོ་དགུ་ཡི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གང་དང་གང་བྱས་ཡོད་དམ། སྐད་གྲགས་ཡོད་པའི་རྒྱའི་རིག་པ་མཁས་ཅན 《ཨུ་རུ་སུའི་ཚགས་པར 》གྱི་དཔྱད་གཏམ་པ་རྒན་གྲས་ཨའོ་ཕུའུ་ཆིན་ཉི་ཁོ་ཕུའུ་ཡིས་ཁོང་1959ལོར་བོད་ལ་ཐེངས་དང་པོ་བསྐྱོད་པའི་སྐོར་ཕྱིར་དྲན་གནང་སྐབས “ངས་མཐོང་བའི་བོད་ནི་དུས་རབས་དཀྱིལ་མའི་སྲུང་སྐྱོང་ཁུལ་ལྟར་ཡིན་པ་དང་། དགོན་སྡེས་རྨོ་ཞིང་དང་འབྲོག་ར་བཟུང་ཡོད་པ་མ་ཟད། ཞིང་འབྲོག་པ་བདག་གིར་བཟུང་ཡོད ......བཀས་བཀོད་རྒྱུད་འཛིན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི་གདུག་རྩུབ་ཆེ་ལ་མི་གཤིས་གཏན་ནས་མེད་པའི་བཙན་གནོན་གྱི་བྱེད་ཐབས་ལ་བརྟེན་ནས་གནས་ཐབས་བྱེད་པ ”དང “མི་ཆོས་དང་བྲལ་བའི་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐད་ཏཱ་ལར་གཞན་འགན་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད ”ཅེས་གསུངས་ཡོད། དེའི་ཐོག་ནས “ལོ་ཆུང་དུས ”ཀྱི་ཏཱ་ལས་དངོས་འབྲེལ་གོང་བཀུར་བྱེད་པ་ནི་ཁོ་པ་དང་ཁོ་པས་ཚབ་བྱེད་པའི་དབང་སྒྱུར་རུ་ཚོགས་ལ་ཁེ་ཕན་ཧ་ཅང་ཆེན་པོ་ཡོང་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་པ་ལས “དམངས་གཙོའི་ཆབ་སྲིད་སྒྲིག་སྲོལ ”ཟེར་བ་དེ་མིན་པ་མཐོང་ཐུབ།
དོན་དངོས་ཐོག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཆུང་བྱིས་པའི་དུས་ནས་ཞིང་བྲན་བདག་པོ་ཆེན་པོའི་མི་ཚེའི་ལྟ་བ་ལོབས་ཡོད། “མངའ་བདག་ཆེན་པོ་གསུམ ”གྱིས་མཐའ་སྐོར་བ་དང་སེར་སྐྱ་དད་ལྡན་ཚོར་ཕྱག་དབང་བྱེད་པའི་བླ་ན་མེད་པའི “སྐྱབས་མགོན ”གྱི་འཚོ་བར་ཁོ་པ་སྔ་ས་ནས་གོམས་ཚར་ཡོད། ནུབ་ཕྱོགས་ཀྱི་སྐབས་དེ་དུས་ཀྱི་གནས་ཚུལ་དངོས་སུ་མྱོང་མཁན་ཞིག་ཐེངས་ཤིག་མཆོད་མཇལ་དུ་སྐྱོད་སྐབས་ཁོ་པ་གཞུང་ཀོ་བཏང་ནས་འགྲོ་འདོད་སྐྱེས་པས་ཞིང་བྲན་ལ་བཙན་ཤེད་ཀྱིས་ལྗིད་ཚད་ལ་པང་200ལྷག་ཙམ་ཡོད་པའི་ཀོ་གྲུ་ཁུར་ནས་སྨི 5000ལྷག་ཙམ་ཡོད་པའི་གཡང་གཟར་རི་མཐོ་བརྒལ་དུ་བཅུག་སོང་ཞེས་བཀོད་ཡོད། ལོ་རབས་ལྔ་བཅུ་པའི་དུས་འགོར་ཁོ་པའི་སྐུ་ཕྱྭའི་ཞབས་བརྟན་ཆེད་བོད་ས་གནས་སྲིད་གཞུང་གིས་རགས་རྒྱབ་པའི་འགོ་པར “རྒྱུ་མ་རློན་པ་རྒྱུ་ཤལ་གཅིག་དང་། མི་མགོ་གཉིས། ཁྲག་སྣ། གཡང་གཞི ”བཅས “འཕྲལ་མ་ཉིད་དུ་སྐྱེལ་དུ་བཅུག་པ ”དེའི་གདུག་རྩུབ་ནི་ཧང་སངས་དགོས་པའི་གནས་ལ་སླེབས་ཡོད། ཞིང་བྲན་གྱི་ཤི་གསོན་ལ་མི་བལྟ་བ་་དང་བཀས་བཀོད་རྒྱུད་འཛིན་མངའ་བདག་གི་འདུ་ཤེས་ཟབ་མོ་ལྡན་པའི་ཞིང་བྲན་བདག་པོ་ཆེན་པོ་དེས “ལོ་ཆུང་དུས ”སུ “དམངས་གཙོའི་ཆབ་སྲིད་སྒྲིག་སྲོལ ”ལ་གོང་བཀུར་བྱེད་པ་དེ་ནི་ཡིད་ཆེས་དཀའ་བ་ཞིག་རེད།
བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྒྱ་ཆེའི་མི་དམངས་ཚོའི་ཉིན་བཞིན་ཇེ་ཆེར་འགྲོ་བའི་བཅོས་སྒྱུར་བྱ་རྒྱུའི་རེ་འབོད་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མིག་ནང་གི་གྲ་མ་ལྟ་བུར་བརྩིས་ཏེ་འགོག་རྐྱེན་བཟོ་གང་ཐུབ་བྱས་ཡོད། “མི་དམངས་ཚོགས་པ ”རྫུས་མས “གྲོས་མཐུན་དོན་ཚན་བཅུ་བདུན ”ལ་གཏོར་བཤིག་གཏོང་སྐབས་ཁོ་པས་སྣང་མེད་ཟོལ་འཇོག་བྱས་པ་དང་། ཁམས་ཁུལ་དང་ཨ་མདོའི་ངོ་ལོག་ཟིང་འཁྲུག་པས་ས་ཆ་ཆ་ཤས་ལ་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་བཅོས་སྒྱུར་ལ་ངོ་རྒོལ་བྱེད་སྐབས་ཁོ་པས་རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱས་པ་མ་ཟད “ཆུ་བཞི་སྒང་དྲུག་བསྟན་སྲུང་དམག ”གི་དྲག་པོའི་ངོ་ལོག་ཟིང་འཁྲུག་སྟོབས་ཤུགས་ཀྱི་འཐུས་མིར་ཕྱག་དབང་སྟེར་ཞིང་། བོད་ཀྱི་མཐོ་རིམ་ལོག་སྤྱོད་པས “བོད་ཀྱི་ལམ་ལུགས་ལ་ནམ་ཡང་འགྱུར་ལྡོག་མི་གཏོང་རྒྱུའི ”དམིགས་ཡུལ་འགྲུབ་ཆེད 《གྲོས་མཐུན་དོན་ཚན་བཅུ་བདུན 》མངོན་སུམ་འཛེམ་མེད་ངང་རྩིས་མེད་དུ་བཏང་ནས་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པར་ཕམ་ཉེས་བྱུང་རྗེས་ཁོ་པས་མཐར་ཁོ་པའི་ཚོགས་པ་དེ་ཁྲིད་དེ་བདག་པོ་བརླགས་པའི་ཁྱི་རྒན་བཞིན་བྲེལ་འཚུབ་ངང་བྲོས་ཏེ་མེས་རྒྱལ་ལ་རྒྱབ་གཏོད་དང་མི་དམངས་ལ་རྒྱབ་གཏོད་བྱེད་པའི་ལམ་བུའི་ཐོག་བསྐྱོད་པ་རེད།
ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ཚུན་གྱི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དེ་སྔའི་ལོག་སྤྱོད་དབང་སྒྱུར་གཏན་ནས་བརྗེད་མེད་པར་ནུས་ཤུགས་ཡོད་རྒུས་ཆོས་སྲིད་ཟུང་འབྲེལ་གྱི་བོད་ཪྙིང་པ་ནི “རང་དབང་གི་བོད་ལྗོངས ”ཤིག་ཡིན་པ་དང “ང་ཚོའི་ཞིང་བྲན་ལམ་ལུགས་དེ་ཞིང་བྲན་ལམ་ལུགས་གཞན་དག་དང་མི་འདྲ་བ། ང་ཚོའི་སྤྱི་ཚོགས་སུ་ཞིང་བྲན་ལམ་ལུགས་ལག་བསྟར་བྱས་རུང་དེ་ནི་ནང་ཆོས་ཀྱིས་རྨང་གཞིར་བྱས་པའི་བླ་ན་མེད་པའི་གཞན་ཕན་གྱི་སེམས་པ་ལྡན་པའི་ཞིང་བྲན་ལམ་ལུགས ”ཤིག་ཡིན་པ། “དེ་སྔ་ང་ཚོའི་གངས་ལྗོངས་སུ་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་འོག་མི་རྣམས་ལ་བདེ་སྡོད་ལས་བརྩོན་བྱུང་ཡོད ”ཅེས་འུད་སྒྲོག་བྱས་ཡོད། ཁོ་པས་ཕྱི་རྒྱལ་གྱི “དབང་གསུམ་ཁེར་ཚུགས ”ལ་ལད་མོ་བྱས་ཏེ་ཆ་བསྡུ་ཡ་བསྡུ་བྱས་ནས་བཙུགས་པའི་བཀའ་ཤག་སྲིད་གཞུང་རྫུས་མ་དེའི “དབང་ཆ་ཚང་མ་གོང་ས་ཏཱ་ལའི་བླ་མར་དབང་ཡོད་པ ”དང “ཏཱ་ལའི་བླ་མས་བཀའ་བློན་ཁྲི་པ་ཚུད་པའི་བཀའ་བློན་ཚང་མ་བརྗེ་ཆོག་པ ”དང “བཀའ་བློན་ཚང་མའི ”ནང་གི་ཆེས་མང་ཆེ་བ་ནི་ཁོ་པའི་ཁྱིམ་རྒྱུད་ཀྱི་ཁོངས་མི་དང་མཐོ་རིམ་སེར་མོ་བ་ཡིན་པ་དང་དེའི་ངོ་བོར་ཞིབ་ལྟ་བྱེད་སྐབས་ནུབ་ཕྱོགས་ཀྱི “དམངས་གཙོའི ”ཕྱི་དབྱིབས་ཀྱི་ཐོག་བཙུགས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཤིག་ཡིན་པ་ལས་གཞན་མ་མཆིས།
དེས་མ་ཚད་ཁོ་པས་ད་དུང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ་བཀོད་འདོམས་ལ་མི་ཉན་མཁན “བོད་མིའི་བདེ་སྐྱིད་བྱ་གཞག་ཚོགས་པའི ”འགོ་གཙོ་གུང་ཐང་ཚུལ་ཁྲིམས་དང་། ལི་ཐང་ཨ་དར། ཀུན་བདེ་གླིང་གི་སྤྲུལ་སྐུ་བཅས་ལྐོག་གསོད་བྱས་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱིས་ལོ་བརྒྱ་ཕྲག་ནང་བསྟེན་པའི་སྲུང་མ་རྒྱལ་ཆེན་ཤུགས་ལྡན་ཡང་ཏཱ་ལས “བོད་ཀྱི་གཞི་རྩའི་བྱ་གཞག་ཆེན་པོར་གནོད་པ་དང་ཏཱ་ལའི་བླ་མའི་སྐུ་ཕྱྭར་གནོད་པའི ”དོགས་པའི་དབང་གིས་བསྟེན་རྒྱུ་བཀག་འགོག་བྱས་ཡོད། ཁོ་པའི་ལག་འོག་གི 《བོད་ལྗོངས་དཔྱད་གཏམ 》དང 《རང་དབང 》ཟེར་བའི་དུས་དེབ་ཀྱིས་ཀྱང “གལ་ཏེ་སྒོ་བརྒྱབ་ནས་ཕྲུ་གུའི་བསམ་ཚུལ་ངང་ང་ཚོ་ནི་དམངས་གཙོ་དར་སྤེལ་གཏོང་མཁན་སྤྱི་ཚོགས་ཤིག་ཡིན་པའི་ངོས་འཛིན་བྱས་ཚེ་མི་རྣམས་གད་མོ་གྲོད་པ་ན་ན་ཤོར་རྒྱུ་ལས་མ་འདས། དེ་ལྟར་བྱས་ཚེ་སྔར་མཐོང་མྱོང་མེད་པའི་ཆེས་དཔེ་མཚོན་གྱི་རག་གན་གསེར་རྫུས་ཀྱི་འབྲས་བུ་ཐོན་རྒྱུ་རེད ”“ལས་དོན་ཐམས་ཅད་ཏཱ་ལའི་བླ་མའི་ངོ་དགའི་ཆེད་སྒྲུབ་པ་དེ་ནི་གང་ཞིག་གི་དམངས་གཙོ་རེད་དམ ”ཞེས་འཕྱ་དམོད་བྱས་ནས་བཤད་ཡོད།
དུས་ད་ལྟའི་བར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ངོ་ཚ་ཁྲེལ་མེད་ངང་ཁ་གདང་ཚད་ལ “དམངས་གཙོའི ”སྐོར་ཤོད་པ་དེ་ནི “དམངས་གཙོའི ”“ཆེ་མིང ”ལ་ཁ་གཡར་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་མུ་མཐུད་དམའ་འབེབས་བཏང་ནས་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་ལམ་ལུགས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་བའི་ཁོ་པའི་གདོང་རིས་ངོ་མ་གཡོ་འགེབས་བྱེད་པ་དང་སྦྲགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཐོབ་རེ་བྱས་ཏེ “བོད་རང་བཙན ”ཟེར་བའི་དམིགས་ཡུལ་སྒྲུབ་ཐབས་བྱེད་པ་དེ་ལས་མ་འདས།
ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “དམངས་གཙོར ”ཁ་གཡར་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བླ་འགུག་ཐབས་བྱེད་པ་དང་དེའི་མ་རུངས་ཁོག་བཅུག་གི་ཆབ་སྲིད་དམིགས་ཡུལ་གཡོ་འགེབས་བྱེད་པའི་ཐ་ཤལ་གཡོ་ཐབས་དེ་འཛམ་གླིང་མི་ཚོས་གསལ་པོ་རྟོགས་ཡོད། ཟླ་8ཚེས་18ཉིན་ཧྥ་རན་སེས 《ཇི་བཞིན་གྱི “སྙོམས་པར་འཇུག་པ ”ཞིག་མིན་པ་སྟེ། ཏཱ་ལས་སྦས་སྐུང་བྱས་པའི་ཕྱོགས་གཞན་ཞིག 》ཅེས་པའི་དཔེ་དེབ་གསར་པ་ཞིག་བཏོན་ནས་ནུབ་ཕྱོགས་རྒྱལ་ཁབ་ལ “དམངས་གཙོའི ”དར་རྟགས་འཕྱར་ནས་དོན་དམ་དུ་སྲིད་དབང་སྒེར་འཛིན་བྱེད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་ཡོད། རྩོམ་པ་པོ་མ་ཁེ་ཤིས་མུའུ ·ཝུའེ་ཝ་སིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས “ཏཱ་ལའི་བླ་མའི་དབང་སྒྱུར་འོག་གི་བོད་དེ་ལྷ་ཡུལ་ལྟ་བུ་གཏན་ནས་མིན ”“ཏཱ་ལས་བོད་དུ་དམངས་གཙོ་ཁྱབ་གདལ་གཏོང་དགོས་ཞེས་བརྗོད་ཀྱི་ཡོད་ཀྱང་ཁོ་པས་བོད་བརྒྱུད་ནང་བསྟན་གྱི་ཡན་ལག་ཤུགས་ལྡན་བསྟེན་མཁན་དད་ལྡན་པར་མཐོང་ཆུང་བྱེད་པའི་སྲིད་ཇུས་འཛིན་གྱི་ཡོད ”“ཁོ་པའི་སྐར་ཆར་འགྱུར་ལྡོག་ཡང་ཡང་གཏོང་བས་ངས་བལྟས་ན་ཁོ་པའི་ཆབ་སྲིད་རྒན་ཡོལ་ཟེར་བར་ཡང་ཡིད་ཆེས་བྱེད་ཐབས་བྲལ ”ཞེས་འཛེམ་འཛེམ་ཐོགས་ཐོགས་མེད་པའི་སྒོ་ནས་བརྗོད་ཡོད།
རྫུན་གཏམ་ཤོད་མཁས་པོ་ག་ཚོད་བྱས་ཀྱང་བོད་ཪྙིང་པའི་སྐོར་གྱི་མུན་ནག་དྲན་ཤེས་སུབ་ཐབས་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མཐོང་ཐོས་རྨོངས་སུ་འཇུག་པ་དང་འཛམ་གླིང་གི་མི་རྣམས་ལ་མགོ་སྐོར་གཏོང་བ་དེ་ནི་མཐའ་མཇུག་བཞད་གད་ཀྱི་ཡུལ་དུ་འགྱུར་རྒྱུ་མ་ཟད་ལོ་རྒྱུས་ཀྱིས་མཆིལ་མ་བཞིན་འདོར་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣