དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བསྐྲུན་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་གལ་ཆེའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་བརྩོན་ཆེན་པོས་བསྐྲུན་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་གོང་འོག་ཚང་མས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་པ་དང་སྲུང་སྐྱོབ་དང་། འཛུགས་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

        ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་པར་གཙོ་བོ་གཤམ་གསལ་ཕྱོགས་ཁ་ཤས་ཐད་ནས་མཚོན་ཐུབ། བྱེ་འགོག་བྱེ་བཅོས་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་རང་བྱུང་རྩྭ་རར་ལེགས་བཅོས་གཏོང་བ། གལ་ཆེའི་འདམ་ར་སྲུང་སྐྱོང་བྱེད་པ་སོགས་གཙོ་གནས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱེ་གནོད་དང་དུག་རྩྭའི་གནོད་ཡོད་རྒྱ་ཁྱོན་མུའུ་ཁྲི་1196བཅོས་སྒྲིག་བྱེད་པ་དང་། མུའུ་ཁྲི་25སར་བྱེ་འགོག་བྱེ་བཅོས་བྱེད་པ། མུའུ་ཁྲི་66.91གི་སར་ཤིང་འཛུགས་ནགས་གསོ་བྱེད་པ། མུའུ་ཁྲི་19.1གི་སར་རི་བཀག་ནགས་གསོ་བྱེད་པ། མུའུ་ཁྲི་24ཡི་སར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་བཅས་བྱས་པ་དང་། བྱང་ཐང་སྲུང་སྐྱོང་ཁུལ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་འགོག་ལྟ་ཞིབ་ཚད་འཇལ་ས་ཚིགས་དགུ་བསྐྲུན་པ། ཇོ་རི་དང་སྨར་ཁམས་ཀྱི་ཡུན་ནན་གྱི་སྤྲེའུ་སྤུ་སེར་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པའི་ཁུལ་དབྱེ་ལེགས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ལྟ་སྲུང་མི་སྣ་ཁྲི་8ལྷག་ཙམ་ཆེད་མངགས་བཀོད་སྒྲིག་བྱས་ནས་གཙོ་བོར་སྤྱི་ཆིངས་ཁྲི་1011ཟིན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཀྱི་སྤྱི་ཕན་གླིང་ཁར་ལྟ་སྲུང་བྱས་པ།

        “ ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་གཙོ་བོའི་སྦགས་བཙོག་དངོས་པོའི་བསྡོམས་འབོར་ཚོད་འཛིན་དམིགས་ཚད་གཏན་འཁེལ་བྱས་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ནུས་རྒྱུ་བསྲི་ཚགས་ཀྱི་དམིགས་ཚད་ཚོད་རྩིས་དང་དེ་བཞིན་དཔྱད་ཞིབ་མ་ལག་བཙུགས་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་ཚོད་དཔོག་ཞིབ་བཤེར་བྱས་པ། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པ་དང་ལྗོངས་ཀྱིས་ཚོད་འཛིན་བྱེད་པའི་གཙོ་གནད་ཁེ་ལས་ལ་སྦགས་བཙོག་ཡོང་ཁུངས་ལྟ་ཞིབ་ཚད་འཇལ་བྱས་པ། བཙོག་འབུད་འགྲོ་གྲོན་བསྡུ་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལོ་སྟོད་དུ་ཁྱོན་བསྡོམས་བཙོག་འབུད་འགྲོ་གྲོན་སྒོར་ཁྲི་63བསྡུས་པ་དེ་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་42%ལེགས་གྲུབ་བྱུང་བ་བཅས་རེད།

        སྣོད་བཅུད་བཟང་བའི་བོད་ལྗོངས་སྐྲུན་པ་ནི་བྱས་རྗེས་དེང་རབས་ལ་འཇོག་པ་དང་ཕན་ཡོན་ཕུགས་ནས་གཏད་པ་ཞིག་རེད། ལོ་སྨད་དུ་ང་ཚོས་ལས་གྲྭ་བཅོས་སྒྲིག་དང་རང་ཤུགས་ཉམས་གསོ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་རི་སྔོ་ཆུ་དྭངས་ཤིག་མི་རབས་རྗེས་མར་ཏན་ཏིག་ངང་འཇོག་དགོས། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོང་བྱེད་པ་དང་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱེད་ཚད་མགྱོགས་སུ་གཏོང་དགོས་ཤིང་རང་གྲུབ་རྩྭ་ར་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས། རྩི་ཤིང་གལ་ཆེའི་འདམ་ར་བཅས་ལ་སྲུང་སྐྱོང་

        བྱེད་པ་དང་དེ་བཞིན་གནོད་ཡོད་སྐྱེ་དངོས་འགོག་བཅོས་དང་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུའི་ཚབ་བྱེད་སོགས་རིགས་ཆེ་གྲས་གསུམ་གྱི་ལས་གྲྭ་ཆེ་གྲས་བཅུ་གཉེར་ཚད་མགྱོགས་སུ་བཏང་སྟེ་ལྷ་ཀླུའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་གཞིས་རྩེའི་གྲོང་འདབས་ཀྱི་འདམ་རའི་འཛུགས་སྐྲུན་ལས་གྲྭ་སྒྲིག་འཛུགས་དང་ཡག་པོ་གཉེར་བ་དང་ད་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དང་ནུས་པར་ལེགས་སྒྲིག་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།

        སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་དགོས་ཤིང་རང་བྱུང་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭ་འགོ་ཡག་པོ་ཞིག་བཙུགས་ཏེ་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་མཐའ་འཁོར་གྱི་ནགས་གསོ་སྔོ་ལྗང་དང་། རྨོ་བསྐྱུར་ནགས་གསོ། གཙོ་གནད་ས་ཁོངས་སྣོད་བཅུད་ཀྱི་སྤྱི་ཕན་གླིང་ཁ་བསྐྲུན་རྒྱུ། ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ཐེབས་རྩ་སོགས་གཙོ་གནད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་མུ་མཐུད་ཡག་པོ་གཉེར་དགོས་། འདམ་ར་དང་ས་ཆུ་སྲུང་འཛིན་སོགས་སྣོད་བཅུད་ཀྱི་ཕན་འབྲས་ཁ་གསབ་ཚོད་ལྟར་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའི་ལམ་སྲོལ་གྱི་དམངས་ཕན་སྲིད་ཇུས་དེ་དོན་འཁྱོལ་ཏན་ཏིག་བྱས་ནས་སྲུང་སྐྱོང་དང་། ཁ་གསབ། བྱ་དགའ་བཅས་ཀྱི་དངུལ་སྐར་ལི་གཅིག་ཀྱང་མི་ཆད་པར་འབྲོག་པར་སྤྲོད་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།

        ཁོར་ཡུག་ལྟ་སྐུལ་དོ་དམ་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་གདམ་གསེས་བྱས་པའི་བཟོ་གཏེར་ཁག་གཅིག་སྒོ་རྒྱག་པ་དང་ལེགས་སྒྲིག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། གད་སྙིགས་བཤོ་ར། སྨན་བཅོས་ཀྱི་བེད་མེད་དངོས་པོ་གཅིག་སྡུད་ཐག་གཅོད་སྒྲིག་བཀོད་བཅས་ལས་གྲྭའི་མྱུར་ཚད་བཅས་མགྱོགས་སུ་གཏོང་དགོས། ནུས་རྒྱུ་བསྲི་ཚགས་ལག་རྩལ་གྱི་ཐོན་ཟོག་དཔེ་སྟོན་དང་ཁྱབ་གདལ་གཏོང་དགོས། གཙོ་བོའི་སྦགས་བཙོག་དངོས་པོའི་བསྡོམས་འབོར་ཚོད་འཛིན་དམིགས་ཚད་དང་དཔྱད་ཞིབ་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་དང་འགྲོ་གྲོན་བསྡུ་བའི་ལམ་ལུགས་ནན་པོ་བཟོས་ཏེ་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་དམིགས་ཚད་བརྟན་པོ་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།