དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཧུར་ཐག་ལེན་དགོས་པའི་བླང་བྱ་བཏོན་ཡོད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་འགག་རྩ་ནི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུར་ཐུག་ཡོད། དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཚེ་བྱ་གཞག་ཁག་དར་རྒྱས་ཡོང་བ་དང་དོན་འཁྱོལ་དམ་འཛིན་མ་བྱས་ཚེ་བྱ་བ་གང་ཡང་སྒྲུབ་མི་ཐུབ། ཡང་ནས་ཡང་དུ་དོན་འཁྱོལ་བྱས་ཚེ་གཞི་ནས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་ཐུབ་པ་དང་གཞི་ནས་བརྗིད་ཆེའི་འཆར་གཞི་དོན་དངོས་སུ་འགྱུར་བ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་དེ་བས་ལེཌ་པའི་སྒོ་ནས་བདེ་སྐྱིད་བསྐྲུན་ཐུབ།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ངེས་པར་དུ་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་གསར་འབྱེད་གསར་གཏོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་བརྗེས་བྱེད་པ་དང་། ཪྙིང་ཞེན་བག་འཁུམས་དང་བག་འཁུམས་རྗེས་ལུས་ཀྱི་སྲོལ་རྒྱུན་བྱེད་སྟངས་མཐའ་གཅིག་ཏུ་མེད་པ་བཟོ་བ། འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་གཞིའི་འགོག་རྐྱེན་སེལ་བ། བསམ་ཕྱོགས་སྔར་བས་རྒྱ་ཆེར་གཏོང་བ་དང་། རྒྱུན་སྲོལ་ལས་བརྒལ་བ། ཐབས་ཤེས་གསར་གཏོད་བཅས་བྱས་ཏེ་མཐོང་རྒྱ་དེ་བས་ཆེ་བའི་སྒོ་ནས་རང་ཉིད་ལ་ཞིབ་ལྟ་བྱེད་པ་དང་། ལངས་ས་དེ་བས་མཐོ་བའི་སྒོ་ནས་བསམ་ཕྱོགས་འགོད་པ། ལས་ཕྱོད་དེ་བས་ཆེ་བའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་དོན་གཉེར་བ་དང་། དོན་སྒྲུབ་པ་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ངེས་པར་དུ་གོ་སྐབས་དམ་འཛིན་བྱེད་པ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་དགོས། བླ་ན་མེད་པའི་ལས་འགན་དང་གོ་སྐབས་གལ་ཆེན་གྱི་མདུན་དུ་གལ་སྲིད་གོ་སྐབས་དམ་འཛིན་བྱེད་པའི་འདུ་ཤེས་མེད་པ་དང་རེ་མེད་ཐབས་མེད་དམ་ཡང་ན་བྱས་རྗེས་ཆེན་པོ་མེད་ཚེ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ཆེན་པོ་ཆུད་ཟོས་སུ་འགྲོ་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་འགྲོ་སྲིད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ངེས་པར་དུ་སྤྱོད་ཚུལ་བསྒྱུར་རྒྱུ་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་སྒུག་རྟེན་སློང་གསུམ་བྱས་ནས་བྱུང་བ་ཞིག་མིན་སྟབས་ངེས་པར་དུ་ལས་ཀའི་སྤྱོད་ཚུལ་སྔར་བས་བསྒྱུར་བ་དང་ཏན་ཏན་ཏིག་ཏིག་ངང་ལས་ཀ་བྱས་པ་བརྒྱུད་བྱུང་བ་ཞིག་ཡིན། ཏང་གི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་གཞི་རིམ་དུ་རྟག་ཏུ་སྐྱོད་པ་དང་། དཀའ་ངལ་ཆེ་བའི་ས་ཁུལ་དུ་སྐྱོད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། མང་ཚོགས་ཀྱི་བློ་ཁ་རྟོགས་པ་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་བྱེད་པ། དུས་ནམ་ཡང་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ། མང་ཚོགས་ལ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཧུར་ཐག་བྱེད་པ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་མང་ཚོགས་ལ་ལས་བཟང་སྒྲུབ་པ་དང་དོན་དངོས་སྒྲུབ་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱེད་དགོས།

        འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ངེས་པར་དུ་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་དཔྱད་བསྡུར་ནན་པོ་བྱེད་དགོས། སྒྲིག་འཛུགས་ཀྱི་བྱེད་ཐབས་དང་། དཔྱད་བསྡུར་གྱི་བྱེད་ཐབས། སྐུལ་ལྕག་གི་བྱེད་ཐབས་བཅས་ནུས་ལྡན་ཞིག་སྤྱོད་པ་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལྷག་པར་དུ་མི་ཚང་མས་འགན་འཁུར་བ་དང་། རིམ་པ་བཞིན་འགན་འཁུར་བ། གཅིག་ལ་གཅིག་འབྲེལ། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ། སྤྱོད་གོ་ཆོད་པ་བཅས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འགན་འཁྲིའི་ལམ་ལུགས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་འགན་འཁྲིའི་ལམ་ལུགས་ལ་བརྟེན་ནས་ཕན་འབྲས་སྲུང་སྟེ་རིམ་པ་བཞིན་དམ་འཛིན་བྱེད་པ་དང་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་། ལས་བྱེད་པ་དཔྱད་ཞིབ་བྱེད་པའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བ་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀ་བྱེད་མིན་དང་། བྱེད་མང་ཉུང་། ཡག་ཉེས་ཇི་ཙམ་བྱེད་པ་བཅས་ཚང་མ་གསལ་པོ་ཡོད་པ་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་དཔའ་ངར་ཞུམ་མེད་ངང་འབད་འཐབ་བྱེད་པ་དང་། འབད་འཐབ་ཏན་ཏིག་བྱེད་པ། འབད་འཐབ་ལྷོད་མེད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།