དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་སྟངས་འཛིན་ཏན་ཏིག་བྱེད་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་པ་དང་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་སྟངས་འཛིན་བྱ་ཤུགས་དང་། མཚམས་ཚིག གཙོ་གནད་བཅས་ལུགས་མཐུན་ངང་སྟངས་འཛིན་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་མཐུན་སྦྱོར་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ནི་དེང་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཁྲོད་ཀྱི་གལ་ འགངས་ཤིན་ཏུ་ཆེ་ལ་དགོས་གལ་ཡང་ཆེ་བའི་ལས་འགན་ཞིག་རེད།

        “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཚུགས་པའི་ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་ཟོག་གོང་བརྟན་པོ་དང་། ཐོན་སྐྱེད་དམ་འཛིན། རྣམ་གྲངས་གཉེར་བ། དམངས་འཚོ་འགན་ལེན། མཐུན་སྦྱོར་ལ་སྐུལ་མ་གཏོང་བ་བཅས་བྱེད་པའི་གཙོ་གནད་དེར་དམ་པོར་དམིགས་ནས་སྤྱི་པའི་ཞབས་ཞུའི་གཏོང་ཆ་མང་དུ་གཏོང་བ་དང་ཞིང་པ་དང་འབྲེལ་ཡོད་ཀྱི་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཁྲོམ་རའི་ལྟ་སྐུལ་ཚད་འཇལ་དང་སྐོང་འདྲེན་དམ་འཛིན་ཤུགས་ཆེན་བྱེད་པ། རིན་གོང་སྙོམས་སྒྲིག་སྟངས་འཛིན་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཐད་ཀྱི་སྲིད་གཞུང་གི་སྙོམས་སྒྲིག་སྟངས་འཛིན་གྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱས་ཏེ་ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་མྱུར་པོའི་ངང་འཕར་རྒྱུར་ནུས་པ་དང་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

        དུས་བབ་བཟང་པོ་དེ་ལས་སླ་པོར་བྱུང་བ་ཞིག་མིན་ལ་ལྷགས་པའི་གནད་དོན་དང་དཀའ་ངལ་ལའང་སྣང་ཆུང་བྱ་མི་རུང་། ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཁྲོད་སྔར་བཞིན་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཁ་ཤས་ལྷགས་ཡོད་པར་ངོས་འཛིན་བྱེད་དགོས་ཤིང་། ཁེ་ལས་འབྲིང་ཆུང་གིས་དངུལ་བུན་གཡར་དཀའ་བ་དང་ཚོང་ལས་དངུལ་ཁང་ནས་དངུལ་བུན་གཡར་དཀའ་བའི་གནད་དོན་སྔར་བཞིན་ཚབས་ཆེ་བ་དང་ས་གནས་རེ་ཟུང་དུ་སྔར་བཞིན་རྣམ་གྲངས་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་སྣང་ཚུལ་ལྷགས་ཡོད་པ་དང་འཕེལ་རྒྱས་ཀྱི་མངོན་མེད་ཁོར་ཡུག་ལ་བཟང་སྒྲིག་བྱེད་དགོས། འགལ་བ་དང་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་མ་བྱུང་ཚེ་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་འགྲོ་ཕྱོགས་རྒྱུན་འཁྱོངས་བྱེད་ཁག་པོ་ཆགས་རྒྱུ་དང་ཐ་ན་འགོག་རྐྱེན་ཡང་ཐོན་སྲིད།

        དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་འདྲ་མཉམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ནོར་སྲིད་གཏོང་སྒོའི་དོ་མཉམ་རང་བཞིན་གྱི་དོ་དམ་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ཐོན་ལས་དང་། ཁོར་ཡུག་སྲུང་སྐྱོང་རྣམ་གྲངས། ཡུལ་མིའི་འཛད་སྤྱོད། ཞིང་འབྲོག་ཁུལ་གྱི་ཡིད་རྟོན་དངུལ་བུན། ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཁྱད་ཆོས་དང་འཚམས་པའི་ཡིད་རྟོན་དངུལ་བུན་གྱི་ཐོན་ཟོག་ཧུར་བརྩོན་ཆེན་པོས་ནང་འདྲེན་དང་གསར་གཏོད་བྱས་ཏེ་ཚོང་ལས་དངུལ་ཁང་ཆེ་གྲས་ཁག་གི་བོད་དུ་ཡོད་པའི་ཡན་ལག་དང་ཉིང་ལག་སྒྲིག་གཞིའི་ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་དོ་དམ་བྱ་ཐབས་གང་མགྱོགས་བཟོ་དགོས།

        མཁོ་འདོན་འགན་སྲུང་དང་ཟོག་གོང་བརྟན་པོ་ཡོང་རྒྱུའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་མ་གཏོང་བའི་རང་ངོས་ཀྱི་དགོས་མཁོ་ཞིག་རེད། ཟོག་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ལྗོངས་ཡོངས་ཀྱི་རིན་གོང་མཉམ་འབྲེལ་ཚོགས་འདུའི་ལས་སྟེགས་ཀྱི་ནུས་པ་ལེགས་པར་བཏོན་ཏེ་ཤ་ཚལ་སྒོང་གསུམ་གྱི་འདུ་འགོད་དམ་འཛིན་ལེགས་པར་བྱས་ཐོག་སྔོ་ཚལ་འདེབས་འཛུགས་ཀྱི་རྟེན་གཞིའི་འཛུགས་སྐྲུན་དང་ཞིང་འབྲོག་དང་སྒོ་རྩིས་ཚོང་ཁང་འབྲེལ་གཏུག་གི་གྲངས་ཚད་མང་དུ་བཏང་ནས་སྒོ་རྩིས་ཚོང་ཁང་གི་མཁོ་འདོན་སྣ་ཁ་དང་གོང་བཅད་ཚོང་ཁང་འཕར་མ་རྒྱག་དགོས། རིན་གོང་སྙོམས་སྒྲིག་ཐེབས་རྩའི་ལམ་ལུགས་འཛུགས་པ་དང་སྤྱི་ཚོགས་ཀྱི་སྐྱོབ་རོགས་དང་འགན་ལེན་གྱི་ཚད་གཞི་དང་ཟོག་གོང་འཕར་རྒྱུ་འབྲེལ་བ་བྱེད་པའི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཡོང་འབབ་དམའ་བའི་ཚོགས་སྤྱིའི་རྒྱུན་གཏན་གྱི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཟོས་པའི 《རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཀྱི་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས 》ཏན་ཏིག་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་རིན་གོང་ཐད་ཀྱི་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞིར་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་རིན་གོང་གི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བ་བྱེད་དགོས།

        གློག་སྣུམ་སྐྱེལ་འདྲེན་ཐོན་སྐྱེད་བཀོད་གཏོང་ཡག་པོ་བྱས་ཏེ་ཡུལ་མིའི་འཚོ་བ་དང་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་ཀྱི་གློག་སྣུམ་སྐྱེལ་འདྲེན་གྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱ་རྒྱུ་ནི་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བའི་རྨང་གཞི་ཞིག་རེད། རིམ་ཁག་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་བརྡ་ཁྱབ་ཀྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་ལྟར་དེང་སྐབས་དཔལ་འབྱོར་འཁོར་སྐྱོད་ཀྱི་འཕེལ་ཚུལ་གནད་ལ་འཁེལ་བ་ཞིག་སྟངས་འཛིན་བྱས་ཏེ་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཕྱོགས་བསྡུས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་གློག་ཤུགས་ཀྱི་དགོས་མཁོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་མིའི་འཚོ་བར་མཁོ་བའི་གློག་སྔོན་ལ་འགན་ལེན་བྱེད་པ་དང་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་དང་གཙོ་གནད་བཟོ་གཏེར་ཁེ་ལས་ཀྱི་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས། བཅོས་སྣུམ་སྐོང་འདྲེན་དང་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་སྟེ་མཁོ་འདོན་འདང་ངེས་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ལྕགས་ལམ་གྱི་འདྲེན་ཤུགས་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱས་ཏེ་ཡུལ་སྐོར་དར་བའི་དུས་སུ་ཡུལ་སྐོར་བ་མེ་འཁོར་དུ་སྡོད་པ་དང་གཙོ་གནད་ཁེ་ལས་དང་གཙོ་གནད་དངོས་ཟོག་བོད་དུ་ནང་འདྲེན་དང་ཕྱིར་གཏོང་རྒྱུའི་དགོས་མཁོ་སྐོང་དགོས།

        ཆེད་དོན་འཆར་གཞི་ཡག་པོ་འདིང་རྒྱུ་ནི་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་གསལ་འགྲེལ་དང་། ཞིབ་ཚགས་སུ་གྱུར་པ། དོན་འཁྱོལ་བཅས་བྱེད་པ་དང་སྲིད་གཞུང་གིས་དཔལ་འབྱོར་སྙོམས་སྒྲིག་དང་། སྤྱི་པའི་ཞབས་ཞུ། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་ཚོགས་དོ་དམ་འགན་ནུས་བཅས་ལག་ལེན་བསྟར་བའི་ཞིབ་ཕྲའི་གཞི་འཛིན་ས་ཞིག་རེད། ཆེད་དོན་འཆར་གཞི་འདིང་རྒྱུའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་ཁག་གི་ཆེད་དོན་འཆར་གཞི་འབྲེལ་མཐུད་དང་ཆོག་མཆན་འགོད་རྒྱུར་འབུལ་བའི་ལས་དོན་ལེགས་པར་བསྒྲུབས་ཏེ་ཆེད་དོན་འཆར་གཞི་ཁག་ལ་སྔ་ཙམ་ཆོག་མཆན་ཐོབ་ནས་ལག་ལེན་བསྟར་ཐུབ་པའི་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་གཙོ་གནད་ནུས་པའི་ཁུལ་གྱི་འཆར་གཞི་དང་འབྲེལ་མཐུད་བྱ་རྒྱུའི་བསམ་འཆར་ལྟར་རང་ལྗོངས་ཀྱི་གཙོ་གནད་ནུས་པའི་ཁུལ་གྱི་འཆར་གཞིར་བཟོ་བཅོས་རྒྱག་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་གང་མགྱོགས་ཞིབ་མཆན་ཐོབ་སྟེ་ལག་ལེན་བསྟར་ནས་གཙོ་གནད་ནུས་པའི་ཁུལ་ཆགས་རྒྱུར་སྐུལ་འདེད་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།