དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་ནི་བོད་འདི་ཉིད་2020ལོར་སླེབས་དུས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུར་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་མ་འཇོག་བྱ་ཤུགས་ཆེ་རུ་བཏང་སྟེ་དེ་བས་མང་བའི་ནོར་ཤུགས་དེ་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེའི་ནང་དོན་འཁྱོལ་ཡོང་བ་བྱས་ཏེ་སྲིད་ཇུས་མ་དངུལ་དེ་བས་མང་བའི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་དུ་ཕྱོགས་པ་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཞེས་བཏོན་ཡོད། ཚོགས་འདུའི་ཐོག་ངེས་པར་དུ་དམངས་འཚོ་འགན་སྲུང་དང་ལེགས་གཏོང་བྱ་རྒྱུ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་སྤྱི་ཚོགས་བྱ་གཞག་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་དམངས་འཚོ་འགན་སྲུང་དང་ལེགས་གཏོང་ནུས་ལྡན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་བྱས་ཡོད། ང་ཚོས་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་ཞིག་སྤོ་རྒྱུ་དེ་མི་དམངས་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པའི་ཐད་མངོན་པར་བྱེད་དགོས་ཞེས་བཏོན་ཡོད།
དམངས་འཚོའི་གནད་དོན་དེ་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པ་དང་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ཚེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དཀའ་གནད་ཐག་གཅོད་ཐུབ་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཐད་ཀའི་སྐུལ་འདེད་ཀྱི་ནུས་པའང་ཐོན་ཐུབ་པའི་ངོས་འཛིན་གང་ལེགས་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་དང་སྤྱི་ཚོགས་འགན་སྲུང་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ཚེ་རྨང་གཞི་བརྟན་དུ་གཏོང་ཐུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་བཏང་ཚེ་རྒྱུན་བསྲིང་གི་ནང་ཁུལ་གྱི་སྐྱེ་སྟོབས་ནུས་པ་ལྡན་ཐུབ་པ། མ་འཇོག་དང་འཛད་སྤྱོད་གྲུབ་ཆ་ལེགས་སྒྲིག་བྱས་ཚེ་དོན་ཐོག་ཏུ་གཞི་ནས་འཁྱོལ་ཐུབ་པ་བཅས་བྱུང་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་གཏོང་གཉིས་ཀ་མཉམ་སྒུལ་ཡག་པོ་ཞིག་བྱེད་ཐུབ། ང་ཚོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་དམངས་འཚོ་འགན་སྲུང་དང་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ་དང་། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་བྱེད་པ་དང་དུས་མཚུངས་ངེས་པར་དུ་སྤྱི་ཚོགས་བྱ་གཞག་གོང་འཕེལ་འགྲོ་རྒྱུར་མཐོང་ཆེན་གྱིས་སྤྱི་ཚོགས་བྱ་གཞག་གི་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་གཏོང་དགོས།
སློབ་གསོ་ནི་དམངས་ཡོངས་ལ་ཕན་པ་ཐོབ་པའི་བྱ་གཞག་ཡིན། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཧུར་ཐག་བྱེད་པར་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་སྟེ་བྱིས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་དགོས་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་དགོས་པ། མཐོ་རིམ་དང་འབྲིང་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་གསོ་གཙོ་གནད་དུ་བྱེད་པ། སློབ་གསོའི་གཙོ་གནད་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ཆེར་གཏོང་གི་གསོ་སྦྱོང་བྱེད་པ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་སློབ་གསོར “འགན་ལེན་གསུམ ”གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་། སློབ་གྲྭར་འགྲོ་ཐུབ་པ། སློབ་གྲྭ་ཡག་པོར་འགྲོ་ཐུབ་པ་བཅས་བྱེད་དགོས།
མི་དམངས་མང་ཚོགས་ཀྱི་བདེ་ཐང་ནི་འཚོ་བའི་སྤུས་ཚད་ཀྱི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིང་ཀྱང་ཡིན། དམངས་འཚོ་འགན་སྲུང་དང་ལེགས་སུ་ཧུར་ཐག་གཏོང་བར་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་གཏོང་བ་དང་། “ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད ”ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པ། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ནད་གཞི་ཉུང་ཙམ་ཕོག་པ་དང་། ན་ཚ་ལྟ་ཐུབ་པ། ན་ཚ་ཡག་པོ་ཞིག་ལྟ་ཐུབ་པ་བཅས་བྱེད་དགོས།
ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་གཞོན་དར་ཞིང་འབྲོག་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་གཙོ་ཤུགས་དམག་ཅིག་ཡིན། དམངས་འཚོ་འགན་སྲུང་དང་ལེགས་སུ་ཧུར་ཐག་གཏོང་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་གཞོན་དར་ཞིང་འབྲོག་མང་ཚོགས་ལ “ཚང་མས་རྩལ་ནུས་སྦྱོང་བའི་འདུ་འགོད ”ལག་བསྟར་བྱས་ཏེ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། དབང་པོ་སྐྱོན་ཅན་སོགས་ཀྱི་ལས་ཞུགས་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་བྱེད་པར་ལས་གནས་ཡོད་པ་དང་། བྱ་གཞག་གཏོད་པར་ཐབས་ལམ་ཡོད་པ། ཕྱུག་འགྱུར་བྱེད་པར་རེ་བ་ཡོད་པ་བཅས་བྱེད་དགོས།
རང་ལྗོངས་སུ་ད་དུང་མང་ཚོགས་ཁག་གཅིག་གི་འཚོ་བ་དབུལ་ཙམ་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་ཧུར་ཐག་གཏོང་བར་སྤྱི་ཚོགས་འགན་སྲུང་ཁྱོན་ཡོངས་ནས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་ཚོགས་སྐྱོབ་རོགས་མ་ལག་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ལྟོ་གོས་རྟེན་ས་ཡོད་པ་དང་། འཚོ་བར་ཡོང་ཁུངས་ཡོད་པ། རྒན་གསོར་འགན་ལེན་ཡོད་པ་བཅས་བྱེད་དགོས།
རིག་གནས་དར་སྤེལ་དང་དམངས་འཚོ་ལེགས་གཏོང་དབར་འབྲེལ་བ་དམ་ཟབ་ཡོད། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཧུར་ཐག་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་འགྱུར་བའི་རིན་ཐང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་སྤེལ་བ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་ཞིང་པའི་དཔེ་དེབ་ཁང་སོགས་རིག་གནས་ཀྱི་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། གཞི་རིམ་གྱི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་དེང་རབས་ཀྱི་ཤེས་དཔལ་གྲུབ་འབྲས་ལོངས་སྤྱོད་གང་ལེགས་བྱེད་དུ་འཇུག་དགོས།