དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྲིད་ངོས་འཛིན་ཞུ་སྟངས་ལ་འགྱུར་ལྡོག་གཏོང་རྩིས་བྱེད་པར་རེ་ངན་གང་ཞིག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་ཆར་དུས་མཚམས་ཤིག་རིང་ཕྱི་ཕྱོགས་ལ “ཆབ་སྲིད་ཀྱི་དབང་ཆ་འཛིན་གྱི་མིན ”ཞེས་འུད་སྒྲོག་བྱེད་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྲིད་ཀྱི་གནད་དོན་སྐོར “ཐབས་ཤེས ”ཡང་ཡང་བཏོན་ཏེ་ཆོས་ལུགས་ལ་བརྟེན་ནས་ཆབ་སྲིད་གླེང་བའི་སྐྱུག་བྲོ་བའི་ཟློས་གར་འཁྲབ་ཤུགས་ཆེ་རུ་བཏང་ཡོད་པ་རེད།

        ཕྱི་རྒྱལ་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་2ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རྡ་རམ་ས་ལར་ཧྥ་རན་སེའི 《འཛམ་གླིང་ཚགས་པར 》གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཡང་སྲིད་ཀྱི་གནད་དོན་སྐོར་གཏམ་འཆལ་ཆེ་སྤེལ་བྱས་པ་རེད། “ཡང་སྲིད་དེ་ཀྲུང་གོའི་ས་ཁོངས་ཕྱི་རོལ་དུ་འཁྲུངས་རྒྱུ་གཏན་འཁེལ་རེད ”“ཕྲན་ངོ་མས་ཡང་སྲིད་གཅིག་གཏན་འཁེལ་བྱེད་ཀྱི་ཡིན ”“ཡང་སྲིད་བུ་མོ་གཅིག ”འཁྲུངས་བཟོ་ཡོད་ཟེར་བ་སོགས་ཚིག་རོ་ཪྙོག་བཤད་བསྐྱར་དུ་བྱས་པ་ཕུད་། ཐོས་པ་ཙམ་གྱིས་ཧང་སངས་བའི་སྒོ་ནས “ཐབས་ལམ་གསར་པ་བསམ་གཞིགས་བྱས་ནས ”“ཝ་ཐི་ཁན་གྱི་བྱེད་སྟངས་ལ་ལད་མོ་བྱས་ཏེ་གསང་བའི་ཚོགས་འདུ་གཅིག་གི་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་འདེམས་བསྐོ་བྱ་རྒྱུ་ཡིན ”ཞེས་འུད་སྒྲོག་བྱས། དེ་ནི་ཚུལ་མིན་ལུགས་འཆལ་སྡུག་མཐར་སོན་པའི་ཚད་དུ་སླེབས་ཡོད།

        སྤྱི་ཚོགས་རིག་པ་མཁས་ཅན་གྱིས་ཆོས་ལུགས་དེ་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་དང་། ལོ་རྒྱུས། རིག་གནས་བཅས་ཀྱི་སྣང་ཚུལ་ཞིག་ཡིན་པ་དེར་བསམ་བློའི་འདུ་ཤེས་དང་བརྩེ་སེམས་ཀྱི་ཉམས་ལེན་དང་། དད་མོས་ཀྱི་བྱ་སྤྱོད་དང་གུས་སྲོལ་ཚད་གཞི། ཆོས་ལུགས་ལས་རིགས་མི་སྣའི་ལམ་ལུགས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་བཅས་རིམ་ངོས་གསུམ་གྱི་རྒྱུ་རྐྱེན་ཚུད་ཡོད་པ་དེ་ཡང་སྟབས་བདེའི་སྒོ་ནས་བཤད་ན་བསྟན་དོན་དང་། ཆོས་ལུགས་ཆོ་ག ཆོས་ལུགས་ཚོགས་པ་བཅས་ཡིན། ས་ཁམས་དང་། ལོ་རྒྱུས། རིག་གནས་བཅས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྐྱེན་གྱིས་བསྟན་དོན་དང་། ཆོས་ལུགས་ཆོ་ག ཆོས་ལུགས་ཚོགས་པ་བཅས་ཀྱང་ཧ་ཅང་མི་འདྲ་བ་ཡོད། བོད་བརྒྱུད་ནང་བསྟན་དེ་ཉིད་གནམ་བདག་ཆོས་ལུགས་ཀྱི་ཆོས་ལུགས་ཆོ་གར་ལད་མོ་བྱེད་དུ་འཇུག་པའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ཕྱོགས་ཀྱི་འགྲོ་ལུགས་དང་འགལ་བའི “ཐབས་ངན ”དེ་རིགས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཁོ་ནར་མ་གཏོགས་བློ་ལ་འཁོར་མི་སྲིད།

        སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་འདི་ཉིད་ཆོས་ལུགས་ཀྱི་གྲུབ་མཐའ་གཞན་དག་དང་མི་འདྲ་བ་དང་ཆོས་ལུགས་གཞན་དག་དང་མི་འདྲ་བའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྱད་ཆོས་ལྡན་ཤོས་ཀྱི་རིག་གནས་སྣང་ཚུལ་ཞིག་ཀྱང་ཡིན་པ་དེར་མངོན་གསལ་དོད་པའི་ས་ཁོངས་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད་པ་དང་བོད་ཀྱི་རྒྱ་ཆེའི་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་སེམས་ནང་བླ་ན་མེད་པའི་གནས་བབ་བཟུང་ཡོད་པ་རེད། གལ་སྲིད་སྤྲུལ་སྐུའི་ཡང་སྲིད་དེ “གསང་བའི་ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་པར ”འགྱུར་ཚེ་བོད་བརྒྱུད་ནང་བསྟན་དེ་ཉིད་སྔར་བཞིན་བོད་བརྒྱུད་ནང་བསྟན་ཡིན་ཞེས་བློ་ཡུལ་ལ་འཆར་དཀའ་བ་ཞིག་མ་ཡིན་ནམ།

        དེས་ན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི “གསང་བའི་ཚོགས་འདུའི་ཐོག་འདེམས་བསྐོ་བྱ་རྒྱུ་ཡིན ”ཟེར་བའི་ཤོད་སྟངས་དེ་ནི་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་ངོ་ཚ་མེད་པའི་སྒོ་ནས་ཕོག་ཐུག་བཏང་བ་ཞིག་ཡིན་ལ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་རྒྱ་ཆེའི་མང་ཚོགས་ལ་དམའ་འབེབས་བཏང་བ་ཞིག་ཀྱང་ཡིན་པ་མཐོང་ཐུབ།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་དེ་ནི་ལྷ་མི་གཉིས་ཀ་ཁྲོ་བའི་ཉེས་སྤྱོད་ཅིག་ཡིན་པ་མི་ཤེས་པ་ག་ལ་སྲིད། ཁོ་པ་རང་ཉིད་ཀྱིས་ཀྱང “བོད་ཀྱི་མི་མང་ཆེ་བས་སྲོལ་རྒྱུན་གྱི་ཡང་སྲིད་བཙལ་འཚོལ་ཞུ་བའི་གསེར་བུམ་དཀྲུག་འདོན་ལམ་ལུགས་སོར་འཇོག་བྱེད་འདོད་ཡོད ”ཅེས་བཤད་ཡོད།

        དེས་ན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་གཏོར་བཤིག་གཏོང་བའི་ཉེས་མིང་ཆེན་པོ་འཁུར་རྒྱུར་མི་འཛེམ་པར་ཡང་སྲིད་དེ “གསང་བའི་ཚོགས་འདུའི་ཐོག་འདེམས་བསྐོ་བྱ་རྒྱུའི ”རེ་ངན་འཆང་དོན་གང་ཡིན་ནམ། ཁོ་པས “གསང་བའི་ཚོགས་འདུའི་འདེམས་བསྐོ་བྱ་རྒྱུ་ཡིན ”ཞེས་པའི་རྒྱབ་ཏུ་མི་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་རེ་ངན་དང་ལྐོག་གཡོ་སྦས་ཡོད།

        ལྐོག་གཡོ་དང་པོ། ཡང་སྲིད་ལ་ཁ་གཡར་ནས་ཀྲུང་དབྱང་གི་དབང་གྲགས་ལ་ཁ་གཏད་གཅོག་རྒྱུའི་རེ་ངན་བཅངས་པ།

        ལོ་རྒྱུས་ཀྱི་རྒྱུན་ཤེས་ཕྲན་བུ་ཡོད་མཁན་ཚང་མས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བར་ངེས་པར་དུ་ལོ་རྒྱུས་ཀྱི་ངེས་སྲོལ་དང་། ཆོས་ཕྱོགས་ཀྱི་འགྲོ་ལུགས། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་བཅས་རྩ་དོན་ཆེན་པོ་གསུམ་ལ་བརྩི་སྲུང་ཞུ་དགོས་པ་ཤེས་གསལ་རེད། ཆིང་རྒྱལ་རབས་ཆན་ལུང་ཁྲི་ལོ་ལྔ་བཅུ་ང་བདུན (1792ལོ )ལ་ཀྲུང་དབྱང་སྲིད་གཞུང་གིས 《ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉི་ཤུ་རྩ་དགུ 》ཁྱབ་བསྒྲགས་བྱས་ནས་གསེར་བུམ་དཀྲུག་འདོན་ལམ་ལུགས་དངོས་སུ་བཏོད་པ་རེད། ངེས་པར་དུ་འདོན་དགོས་པ་ཞིག་ནི་ཆིང་རྒྱལ་རབས་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་གྲས་ཀྱི་ཡང་སྲིད་ངོས་འཛིན་ཞུ་བའི་ཐད་གསེར་བུམ་དཀྲུག་འདོན་བྱེད་མིན་ལ་མ་བལྟོས་པར་ཚང་མ་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་བ་དང་ཆོ་ལོ་བསྩལ་རྗེས་གཞི་ནས་གཏན་འཁེལ་བྱེད་ཀྱི་ཡོད། དེ་ནི་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར་ནས་ད་བར་སྔར་སྲོལ་རྒྱུན་འཛིན་བྱེད་ཀྱི་ཡོད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར “ངའི་ཡང་སྲིད་ཀྱི་གནད་དོན་ཐད་མཐའ་མའི་དབང་གྲགས་ང་ལ་ཡོད་པ་མ་གཏོགས་གཞན་ལ་མེད ”དང་། “ང་ནི་ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་བཟོ་ཡོད ” “ཡང་སྲིད་འཁྲུངས་སྟངས་མང་པོ་ཡོད ” “བོད་མིས་འདེམས་ཤོག་འཕངས་ནས་ཡང་སྲིད་གཏན་འཁེལ་བྱེད་ཆོག ”ཟེར་བ་བཅས་ཀྱི་སྐད་ཅོར་རྒྱག་གི་ཡོད། ད་ཐེངས་ཡང “གསང་བའི་ཚོགས་འདུའི་ཐོག་འདེམས་བསྐོ་བྱ་རྒྱུ ”ཞེས་འུད་སྒྲོག་བྱེད་པ་དེའི་དམིགས་ཡུལ་ནི་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ཕྱོགས་ཀྱི་འགྲོ་ལུགས་དོར་ནས་སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྲུང་དབྱང་སྲིད་གཞུང་གི་མཐའ་མའི་ཐག་གཅོད་བྱེད་དབང་ཁས་ལེན་མི་བྱེད་པ་དེ་རང་རེད། ཁོ་པས་གལ་སྲིད་ལོ་རྒྱུས་ཀྱི་རྒྱུན་སྲོལ་ལ་བརྩི་སྲུང་ཞུས་ཚེ་ཡང་སྲིད་དེ་ཉིད་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་བརྒྱུད་དགོས་པ་ཤེས་སྟབས་ཁོ་པས་ཐབས་སྐྱོ་པོའི་ངང་གཉེར་བའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི “བོད་རང་བཙན ”གྱི་བྱ་གཞག་དེ་ཆུས་འཁྱེར་བ་ལྟར་མེད་པར་འགྱུར་རྒྱུ་ཡིན་པའི་རྐྱེན་གྱིས་ཡིན།

        མཇུག་འབྲས་དེ་འདྲ་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པས་མཐོང་འདོད་གཏན་ནས་བྱེད་ཀྱི་མེད།

        ལྐོག་གཡོ་གཉིས་པ། ཡང་སྲིད་ལ་ཁ་གཡར་ནས་འགལ་ཟླ་དང་རྩོད་གཞི་བཟོ་རྒྱུའི་ལྐོག་གཡོ་འཆང་བ།

        བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལོ་རྒྱུས་ལ་ལྟ་སྐབས་གྲུབ་མཐའ་གང་ཞིག་གི་སྤྲུལ་སྐུ་—ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་དགར་ཁྲིམས་འགལ་ངང་ངོས་འཛིན་བྱས་པ་དང་ས་ཁོངས་ཕྱི་ནས་ངོས་འཛིན་བྱས་པ་གཅིག་ཀྱང་ཚུད་མེད་པ་སྨོས་མེད་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བྱ་ལོག་སྤྱོད་ལོག་བྱས་ཏེ “རང་ངོ་མས་ཤུལ་འཛིན་པ ”འདེམས་རྒྱུའི་སྟོང་བསམ་འཆང་བ་མ་ཟད། རང་ཉིད་ཀྱི་ཡང་སྲིད “ཕྱིས་སུ་བོད་ཕུད་པའི་ས་ཆ་གཞན་དུ་འཁྲུངས་རྒྱུ ”དང “མགོ་སེར་གྱི་ཕྱི་རྒྱལ་བ་ཡིན་བཟོ་ཡོད ”ཅེས་གང་བྱུང་བཤད་ཅིང་། ད་ཆ་ཡང་ཡང་སྲིད་དེ་ཕྱི་རྒྱལ་དུ “གསང་བའི་ཚོགས་འདུའི་ཐོག་ནས་འདེམས་བསྐོ་བྱ་རྒྱུའི ”ལྐོག་གཡོ་འཆང་བའི་ཁོ་པའི་མ་རུངས་ཁོག་བཅུག་དེ་རྒྱལ་ནང་ཙམ་མ་ཟད། རྒྱལ་ཕྱིའི་ཐོག་ཏུ་ཡང་དམར་དམར་རྗེན་རྗེན་གྱི་ཐོག་ནས་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོ་དང་རྒྱལ་ཁབ་གཞན་དབར་འགལ་ཟླ་བཟོས་ཏེ་རྒྱལ་ཁབ་གཞན་གྱིས་ཀྲུང་གོའི་བོད་ཀྱི་བྱ་བར་ཐེ་ཇུས་བྱ་རྒྱུར་ངན་སྐུལ་བྱེད་པ་དང་དུས་མཚུངས “ཕྱི་རྒྱལ་དུ་ཡང་སྲིད་འཁྲུངས་རྒྱུའི ”ཐད་གཞི་འཛིན་ས་ཡོང་བ་བྱེད་ཀྱི་ཡོད།

        དོན་དངོས་ཐོག་འདི་ལོའི་ཟླ་བ་བདུན་པར་ཏཱ་ལས་ཨ་རིར་ཕྱོགས་མྱུལ་ངན་འབྲེལ་བྱེད་སྐབས “ཡང་སྲིད་ཨུ་རུ་སུར ”འཁྲུངས་བཟོ་ཡོད་ཅེས་གང་བྱུང་ཤོད་སྐབས་ཨུ་རུ་སུའི 《རང་བཙན་ཚགས་པར 》གྱིས་དཔྱད་གཏམ་སྤེལ་ནས་ཨུ་རུ་སུ་སྲིད་གཞུང་ལ་ཏཱ་ལའི་དམིགས་ཡུལ་ནི་རྒྱལ་ཁབ་ཆེན་པོའི་དབར་ཆབ་སྲིད་ཀྱི་འཐབ་རྩོད་བཟོ་རྒྱུ་དེ་ཡིན་པས་ཏཱ་ལ་དང་ཀྲུང་གོ་སྲིད་གཞུང་གི་ཁ་གཏད་ནང་མི་ཚུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

        ལྐོག་གཡོ་གསུམ་པ། ཡང་སྲིད་ལ་ཁ་གཡར་ནས “བོད་རང་བཙན ”གྱི་ལྐོག་གཡོ་སྒྲུབ་པ་བྱེད་པ།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁོ་པ་ཤི་རྗེས “རང་བཙན་རྒྱལ་ཁབ ”གཅིག་ཏུ་སྐྱེ་བ་གསར་པ་ལེན་རྒྱུ་རེད་ཅེས་བཤད་ཡོད། གང་ཡིན་ཞེ་ན་སྐྱེ་བ་གསར་པ་བླངས་ཚེ་སྐྱེ་བ་སྔ་མས་སྒྲུབ་ཐུབ་མེད་པའི་ལས་ཀ་མུ་མཐུད་སྒྲུབ་ཆོག་པས་ཡིན་ལ “ཏཱ་ལའི་བླ་མ་གཉིས་མགྱོགས་མྱུར་ཐོན་པའི ”ཆེད་དུ་ཡིན། ཏཱ་ལའི་སེམས་ནང་དུས་རྟག་ཏུ་འཁོར་བའི “སྒྲུབ་མི་ཚར་བའི་ལས་ཀ ”ཞེས་པ་དེ་ཁོ་པས་རྟག་ཏུ་བརྗོད་པའི “བོད་རང་བཙན ”གྱི་བྱ་སྤྱོད་རྩ་འཛིན་ཏེ “དབུ་མའི་ལམ་གྱི་རྩ་དོན ”དེ་ཡིན་ལ “གསང་བའི་ཚོགས་འདུའི་ཐོག་འདེམས་བསྐོ ”བྱས་པ་བརྒྱུད “སྐྱེ་བ་གསར་པ ”ཞེས་པ་ལེན་ཐབས་བྱེད་པ་དེ་ཁོ་པའི་ངོས་ནས་བརྗོད་ན་ཐབས་ཤེས་ལེགས་ཤོས་དེ་ཡིན་སྲིད།

        “མཆན་འགྲེལ ”གྱི་ཐོག་ནས་བོད་ཀྱི་ཡུལ་གྱར་སྲིད་གཞུང་རྫུས་མའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ཟླ་8ཚེས་8ཉིན “བཀའ་བློན་ཁྲི་པར་བསྐོས་པའི་གཏམ་བཤད ”ནང་ཏཱ་ལ “ལོ་རྒས་པ་དང་འདས་པ་དེ་བོད་ཡུལ་གྱར་བའི་ལས་འགུལ་མཇུག་འགྲིལ་བ་མི་མཚོན་པར ”བོད་འདི་ཉིད་ཀྲུང་གོའི “མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར ”ཁྲོད་ནས “བཅིངས་འགྲོལ ”བཏང་སྟེ “རང་བཙན ”སླར་གསོ་མ་ཐུབ་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་སྨྱོ་ཧམ་ཆེན་པོས་བཤད་ཡོད།

        བོད་ནི་སྔར་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ནི་རྩོད་ཐབས་བྲལ་བའི་དོན་དངོས་ཤིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུའི་རིང་ཀྲུང་དབྱང་གིས་བོད་ལ་བཏང་བའི་ནོར་ཤུགས་ཀྱི་ཁ་གསབ་སྒོར་དུང་ཕྱུར་3000 ཟིན་པ་དང་ཐད་ཀའི་མ་འཇོག་སྒོར་དུང་ཕྱུར་1600ལྷག་ཙམ་བརྒལ་ཁར་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭའི་རྣམ་གྲངས་ཆེན་པོ་དང་གཙོ་གནད་ཀྱི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བསྐྲུན་པར་བརྟེན་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ལེགས་ཆའི་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་དུ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུའི་རྣམ་གྲངས་གལ་ཆེན་226བསྐྲུན་རྒྱུའི་གཏན་འབེབས་གནང་ཡོད། བཀའ་འདྲི་ཞུ་རྒྱུར་འཛམ་གླིང་ཐོག “མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར ”དེ་འདྲ་ཡོད་དམ།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མེས་རྒྱལ་དང་མི་དམངས་དགྲར་འཛིན་ཏེ “བོད་རང་བཙན ”ཡོང་རེ་བྱེད་པའི་ལོག་སྤྱོད་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་མེད་པ་དང་བོད་བརྒྱུད་ནང་བསྟན་དེ་ཁོ་པས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་གང་བྱུང་དུ་རྡོག་རོལ་གཏོང་བའི་ལག་ཆར་བརྩི་བ་དེ་དོན་དངོས་ཐོག་ནས་སླར་ཡང་ར་སྤྲོད་བྱས་ཡོད།

        བོད་ཀྱི་གཏམ་དཔེར “མི་ཆུ་ལ་དབྱུགས་པར་རང་ཉིད་ཆུ་ཕྱེད་ཀ་བརྒལ་དགོས ”ཞེས་ཤོད་སྲོལ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁྲིམས་མེད་ལུགས་མེད་དང་ལྐུགས་པ་ཨུ་ཚུགས་བྱས་ན་མཐར་མི་ལ་གདོང་ཇི་ལྟར་བསྟན་ནུས་སམ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།