དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། ལོ་སྨད་དུ་ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་ངང་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་འཛུགས་དགོས། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་འགག་རྩ་ནི་རྗེས་འཕེལ་གྱི་ལེགས་ཆ་སྟངས་འཛིན་ཐུབ་མཁས་པོ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཐོན་ལས་ཁུལ་ཆེན་འཛུགས་སྐྲུན་བརྩོན་ལེན་ལ་ཐུག་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་ཚུན་རང་ལྗོངས་སུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དེ་ནང་སའི་ཞིང་ཆེན་དང་བསྡུར་ཚེ་མི་འདྲ་ས་ཡོད་ལ་ཧེ་བག་དེ་བས་ཀྱང་ཡོད། དེར་བརྟེན་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཁྱད་ཆོས་ལ་དམ་འཛིན་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ “གཞན་ལ་མེད་པ་རང་ལ་ཡོད་པ་དང་། གཞན་ལ་ཡོད་རུང་རང་གི་དེ་ལེགས་པ། གཞན་གྱི་དེ་ལེགས་རུང་རང་གི་དེར་ཁྱད་ཆོས་ལྡན་པ ”བཅས་བྱེད་ཐུབ་པ་བྱེད་དགོས། ཁྱད་ཆོས་ལ་དམ་འཛིན་བྱེད་རྒྱུ་དེ་ནི་འགག་རྩ་དང་གཙོ་གནད་ལ་དམ་འཛིན་བྱེད་དགོས་པ་དང་དེ་ལྟར་བྱས་ཚེ་གཞི་ནས་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་བྱེད་ཐུབ། ཁྱད་ལྡན་དང་ལེགས་ཆར་བརྟེན་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་མཛུབ་ཁྲིད་འོག་རང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་གདམ་ག་ཡང་དག་ཅིག་ཡིན།   

        ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། རང་ལྗོངས་ཀྱི་ཁེ་ལས་སྒྲིག་འཛུགས་ནན་ཏན་བྱས་ཏེ་ཀྲུང་གོའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་དགུ་པར་ཞུགས་ནས་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་ཁས་ལེན་བྱེད་པའི་ལས་དོན་སྤེལ་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་ཞིང་འབྲོག་ཐོན་ཟོག་ལས་རིགས་མཐུན་ཚོགས་ལ་བརྟག་ཞིབ་ཁས་ལེན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཐོག་དེང་རབས་ཞིང་འབྲོག་ལས་ཀྱི་དཔེ་སྟོན་སྡེ་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།

        ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས། ལེགས་ཆ་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་ཁྲོམ་རའི་འཇུག་སྒོ་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱེད་པ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་སྟེ། ཏུན་ཁྲི 20ཡི་ནས་ཀྱི་སྦི་རག་དང་རྒྱ་མ་ལྕགས་རིགས་སྣ་མང་གཏེར་རྫས་ཀྱི་ལག་རྩལ་སྒྱུར་བཀོད་སོགས་གཙོ་གནད་ཐོན་ལས་རྣམ་གྲངས་ཁག་གཅིག་དམ་འཛིན་ཡག་པོ་བྱེད་དགོས་པ་དང་དུས་མཚུངས་ཟུར་སྣོན་རིན་ཐང་མཐོ་བ་དང་། ལག་རྩལ་འདུས་ཚད་མཐོ་བ། རང་བརྟེན་ཤེས་བྱའི་ཐོན་དབང་ལྡན་པ་བཅས་ཀྱི་ཐོན་རྫས་ནུས་ལྡན་གཏོད་པ་དང་། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ལྡན་པའི་སྤུས་རྟགས་ཁག་གཅིག་གཏོད་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ལྷད་མེད་བཟའ་བཏུང་ཐོན་རྫས་དང་། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས། གཏེར་རྫས། ཆུ་ནུས་སོགས་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ཐོན་ལས་སྡེ་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། སྟག་རྩེ་རྫོང་གི་བཟོ་ལས་སྡེ་གླིང་དང་། ཆུ་ཤུར་རྫོང་གི་བཟོ་ལས་སྡེ་གླིང་། པ་སྣམ་རྫོང་གི་ཞིང་ལས་ཚན་རྩལ་དཔེ་སྟོན་སྡེ་གླིང་སོགས་ཀྱི་སྡེ་གླིང་གི་ནུས་པ་མུ་མཐུད་འཐུས་ཚང་དང་ཆེ་རུ་གཏོང་བ་དང་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཉིང་ཁྲིའི་སྐྱེ་དངོས་ཐོན་ལས་སྡེ་གླིང་ཁུལ་སོགས་ཐོན་ལས་སྡེ་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་སྡེ་གླིང་གི་དཔལ་འབྱོར་གཞི་རྒྱུ་མཉམ་བསྡུས་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཏེ་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་ཆེད་སྟེགས་བུ་གལ་ཆེན་མཁོ་འདོན་བྱེད་དགོས།

        ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བར་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཁྱབ་ཁྱོན་རྒྱ་ཆེར་བཏང་སྟེ “འཛམ་གླིང་ཡང་རྩེ ”དང “གངས་ལྗོངས་གནས་མཆོག ”“གནའ་བོའི་མཁའ་ལམ ”བཅས་སྤུས་རྟགས་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་གཏོད་ནས་ཁྱད་ལྡན་རིག་གནས་དང་རང་བྱུང་སྣོད་བཅུད་ཡུལ་སྐོར་གྱི་ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱས་ནས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲལ་སྐྱོབ་ཀྱི་ནུས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་སྤུས་རྟགས་མ་ལག་ཅན་དང་། ནུས་པ་སྣ་མང་ཅན། ཁྲོམ་ར་རྩེར་སོན་ཅན་བཅས་ཀྱི་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གྱི་ཐོན་རྫས་མ་ལག་རིམ་བཞིན་ཆགས་པ་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་རྟེན་དངོས་རྫས་དང་ཡུལ་སྐོར་ཚོང་ཟོག་ཐོན་སྐྱེད་དང་ཞིབ་བཟོ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཡུལ་སྐོར་ཚོང་ཟོག་གི་རིག་གནས་ཀྱི་ནང་དོན་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ཡུལ་སྐོར་དམངས་ཕྱུག་གི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་དཔེ་སྟོན་གྱི་ནུས་པ་ཆེན་པོ་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚུགས་གཏོད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།