དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནང་དོན་ཟབ་མོ་ཁོང་དུ་ཏན་ཏིག་ཆུད་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན (རྒྱ་ཆེ )ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་རིང་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ལྟེ་བ་ནི་ང་ཚོར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་ལྷག་པར་དུ་མིག་སྔར་གཞི་ཚུགས་ཐུབ་པ་དང “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་ཡག་པོ་བྱས་ནས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་ཟབ་མོ་རྣམས་ཁོང་དུ་ཏན་ཏིག་ཆུད་པ་དང་ལོ་རྒྱུས་ཀྱི་གོ་སྐབས་དམ་བཟུང་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས།  

        འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་དང་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱ་རྒྱུའི་འགག་རྩ་ཞིག་ཡིན། རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་འཕེལ་རྒྱས་ལ་བརྟེན་དགོས་ལ་སྤྱི་ཚོགས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཡང་འཕེལ་རྒྱས་ལ་བརྟེན་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱ་རྒྱུ་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་བ་གསར་པ་དང་འཚམ་པ་དང་མི་རིགས་ཁག་གི་མི་དམངས་རྣམས་སྔར་ལས་ལེགས་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རེ་བ་གསར་པ་དང་མཐུན་པ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་བོད་ཀྱི་གནས་ཚུལ་ལ་གཞི་ཚུགས་པའི་འཐབ་ཇུས་ཀྱི་གདམས་ག་ཞིག་དང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་འཕེལ་རྒྱས་ཞན་པའི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་བོད་འདི་ལྟ་བུར་དཔལ་འབྱོར་དང་སྤྱི་ཚོགས་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་དང་གོ་སྐབས་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ་འགྲན་སློང་ཡང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། གོ་སྐབས་དང་འགྲན་སློང་གི་མདུན་དུ་འགག་རྩ་ནི་ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་དམ་བཟུང་ཐུབ་མིན་ལ་ལྟ་དགོས་པས་རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་ཡག་པོ་གཏོང་བ་དང་། རང་ངོས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྔར་བས་འགྱུར་ལྡོག་གཏོང་བ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་ལེགས་མྱུར་ཆེན་གསུམ་གྱི་གོང་འཕེལ་ཡོང་བ་ཧུར་ཐག་བྱེད་གོས།

        མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལྟེ་བ་ནི “ལེགས ”ཞེས་པའི་ཡིག་འབྲུ་དང་འགག་རྩ་ནི “མགྱོགས ”ཞེས་པའི་ཡིག་འབྲུ་དེ་གཉིས་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག “བོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྔར་བས་མཐོང་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྔར་བས་མཐོང་ཆེན། རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་འདྲ་མཉམ་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྔར་བས་མཐོང་ཆེན། ནང་ས་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་འཛུགས་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ཏེ་དཔལ་འབྱོར་འཕེལ་བ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ། སྤྱི་ཚོགས་བརྟན་ལྷིང་། ཤེས་དཔལ་ཡར་ཐོན་བཅས་གཅིག་གྱུར་ཡོང་བ་བྱེད་དགོས་པའི ”མཛུབ་སྟོན་བྱས་ཡོད་པ་དེས་ང་ཚོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གཞི་རྩའི་བསམ་ཕྱོགས་གསལ་སྟོན་བྱས་ཡོད། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས “ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་ཆེད་ང་ཚོར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་གསུང་བཤད་ཀྱི་དགོངས་དོན་ལ་གཞིར་བཟུང་ནང་དོན་རེ་རེ་བཞིན་ལ་ཞིབ་འཇུག་དང་ནང་དོན་རེ་རེ་བཞིན་དོན་འཁྱོལ་བྱས་ནས་སྒྲུབ་ཟིན་པའི་ལས་དོན་ལ་སླར་ཡང་ཕྱོགས་སྡོམ་བྱེད་པ་དང་། འཕྲད་པའི་དུས་བབ་དང་ལས་འགན་ལ་སླར་ཡང་དབྱེ་ཞིབ་བྱེད་པ། འཕེལ་རྒྱས་ཀྱི་དམིགས་བསལ་ཁོར་ཡུག་དང་། དམིགས་བསལ་དཀའ་ངལ། མང་ཚོགས་ཀྱི་དམིགས་བསལ་རེ་སྒུག་བཅས་སླར་ཡང་ཁོང་དུ་ཆུད་པ་བྱེད་པ། འཕེལ་རྒྱས་ཐད་ཤུགས་རྐྱེན་བཟོ་བའི་ཚོད་འཛིན་རྒྱུ་རྐྱེན་གཙོ་བོ་དང་། གཙོ་གནད་དང་དཀའ་གནད་གནད་དོན་སླར་ཡང་གསེད་འགྲོལ་བྱེད་པ། ལས་དོན་ཁག་གི་འཕེལ་རིམ་ལ་སླར་ཡང་གཙང་བཤེར་བཅས་བྱས་ཏེ་རང་ཉིད་གནས་བབ་གང་ཞིག་གི་ཐོག་དང་ཆུ་ཚད་གང་ཞིག་གི་ཐོག་གནས་ཡོད་པ་གསལ་པོ་ཤེས་པ་བྱས་ནས་གོམ་སྟབས་རྗེས་མར་ལས་དོན་གང་ཞིག་བསྒྲུབ་དགོས་པའི་ཐད་སེམས་ནང་དངོས་འབྲེལ་གདེང་ཚོད་ཡོད་པ་བྱེད་དགོས།

        ལོ་བཅུ་མཆོང་སྐྱོད་ཡོང་བ་བྱེད་པར་གལ་ཆེ་ཤོས་ནི་ཐོག་མའི་ལོ་ལྔ་ཡིན་ཞིང་། བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར “གོམ་སྟབས་གཉིས་སུ་བྱས་ནས་སྐྱོད་རྒྱུའི ”སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་དམིགས་ཚད་ནང་། 2015ལོར་སླེབས་སྐབས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ་དང་། གཞི་རྩའི་ཆར་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་ཡོང་བ་བྱ་རྒྱུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་དེ་བས་བརྟན་དུ་གཏོང་རྒྱུ་བཅས་གསལ་སྟོན་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ ”ནི་ང་ཚོས་ངེས་པར་དུ་དམ་འཛིན་ནན་པོ་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་དུས་ཤིག་ཡིན། “ལོ་ལྔ་ཚན་བཅུ་གཉིས་པར ”རྨང་གཞི་བརྟན་པོ་འཛུགས་རྒྱུར་གཞི་ཚུགས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡག་པོ་ཡོང་བ་བྱས་ཕྱིན་གཞི་ནས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཐུབ།

        མིག་སྔར་གཞི་ཚུགས་ནས “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་ཡག་པོ་བྱེད་པར་འགག་རྩ་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཤུགས་རྒྱག་དགོས་ཤིང་། མིག་སྔར་གལ་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི 》དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་དེ་ཡིན། གཙོ་གནད་ལས་དོན་དང་། ལས་གྲྭའི་རྣམ་གྲངས་གལ་ཆེན། སྲིད་ཇུས་བྱ་ཐབས་གལ་ཆེན་སོགས་ཐད་རྣམ་གྲངས་རེར་འཆར་གཞི་རེ་དང་། རྣམ་གྲངས་རེར་ཇུས་གཞི་རེ། རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ “ས་འཕྱར་རྡེའུ་འབུད་དང་སོག་བཤགས་ཤིང་འཐུལ ”ལྟ་བུའི་ཕན་འབྲས་ཐོན་པ་བྱ་དགོས། མུ་མཐུད་ལས་དོན་སྒྲུབ་རྒྱུར་དམ་འཛིན་བྱས་ཏེ་འབྲེལ་མཐུད་མང་ཙམ་བྱེད་པ་དང་སྙན་སེང་མང་ཙམ་ཞུས་ནས་མ་དངུལ་དང་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་སྔ་ཙམ་གྲུབ་འབྲས་ཐོན་རྒྱུར་འབད་བརྩོན་བྱེད་དགོས།

        མིག་སྔར་གཞི་ཚུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་བྱེད་པར་གཙོ་བོ་གཉིས་ཡིན་པའི་ཞིང་འབྲོག་ཁུལ་དམ་འཛིན་ཡག་པོ་ཡོང་རྒྱུར་ཤུགས་རྒྱག་དགོས་ཤིང་། བདེ་སྡོད་ལས་བརྩོན་ཚད་བརྒལ་ཡོང་གཞིར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་མ་མཐུད་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཞིང་འབྲོག་ཁུལ་དུ་ཆུ་དང་། གློག ལམ། རླུང་འཕྲིན་བཪྙན་འཕྲིན། སྦྲག་ཏར་སོགས་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་ཁུལ་གྱི་མི་འབོར་འོས་འཚམས་གཅིག་སྡུད་ཡིན་པ་དེ་གྲོང་ཁྱེར་དང་གྲོང་རྡལ་དུ་འགྱུར་རྒྱུར་སྐུལ་འདེད་འོས་འཚམ་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་སུ་བཏང་ཐོག་གྲོང་གསེབ་གསར་པ་དེ་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་དངོས་འབྲེལ་འཛུགས་སྐྲུན་བྱེད་དགོས།

        མིག་སྔར་གཞི་ཚུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་བྱེད་པར་གཙོ་གནད་ཡིན་པའི་ཁྱད་ལྡན་ཐོན་ལས་ཁུལ་ཆེན་འཛུགས་སྐྲུན་ཡག་པོ་ཡོང་བར་ཤུགས་རྒྱག་དགོས་ཤིང་། ཆེད་དོན་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཁྱད་ལྡན་ཐོན་ལས་ཁུལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད་ཇུས་གཞི་གང་མགྱོགས་ཞིབ་བཟོ་དང་། ཡུལ་སྐོར་ལས་རིགས་དང་། ནུས་རྒྱུའི་ཐོན་ལས། ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས། ལེགས་ལྡན་གཏེར་ལས། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་གཙོ་གནད་དུ་ཞིབ་འཇུག་བྱས་ནས་སྤྱོད་གོ་ཆོད་པའི་སྲིད་ཇུས་དང་བྱ་ཐབས་རེ་རེ་བཞིན་བཟོས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཡོང་རྒྱུའི་འགན་ལེན་བྱེད་དགོས།

        མིག་སྔར་གཞི་ཚུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་བྱེད་པར་འདེགས་སྐྱོར་ཡིན་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུར་ཤུགས་རྒྱག་དགོས་ཤིང་། ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་བཞག་སྟེ་ལས་གྲྭ་ཆེན་པོར་བརྟེན་ནས་བཅོས་སྐྱོང་ཆེན་པོར་སྐུལ་ཁྲིད་བྱེད་པ་དང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ལག་བསྟར་ལ་དམ་འཛིན་གྱིས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        མིག་སྔར་གཞི་ཚུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པ ”དམ་འཛིན་བྱེད་པར་སྒུལ་ཤུགས་ཡིན་པའི་སྒྱུར་བཅོས་སྒོ་དབྱེ་དམ་འཛིན་བྱ་རྒྱུར་ཤུགས་རྒྱག་དགོས་ཤིང་། བོད་དང་ཞིང་ལྗོངས་གཞན་དབར “ཕྱིར་སྐྱོད་པ ”དང “ནང་དུ་གདན་འདྲེན་པའི ”ཐབས་ཇུས་གཉིས་ཀྱི་འཆར་འགོད་ཇུས་གཞི་དང་སྲིད་ཇུས་བྱ་ཐབས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྒོ་དབྱེར་བརྟེན་ནས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གསར་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་རིགས་ཁག་གི་ཤེས་ལྡན་མི་སྣ་དེ་བས་མང་བ་བོད་དུ་ཡོང་ནས་མ་འཇོག་ལས་གཏོད་བྱ་རྒྱུའི་ཡིད་འགུག་དགོས། ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་བགྲོད་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་མཐའ་མཚམས་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།