དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        འདི་ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་པོའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལྟར་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བས་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་བའི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཐེབས་པ། སྲིད་འཛིན་གྲོང་ཚོ་1000 ཡི་རྣམ་པ་ལེགས་གཏོང་སོགས “བརྒྱད་འཛོམས་ཞིང་དུད ”ཀྱི་ལས་གྲྭར་སྐུལ་འདེད་ཏན་ཏིག་ཐེབས་པ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།  

        ལོ་སྟོད་དུ་དགའ་འོས་པའི་དཔལ་འབྱོར་གྱི་འཕེལ་ཚུལ་བཟང་པོ་དེས་ང་ཚོས “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཆོག་མཆན་ཐོབ་པའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ཇུས་གཞི 》དེས་ང་ཚོས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་དང་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། ལྷག་དོན་དུ་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཁག་ནང་ཞུགས་རིང་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དེས་ང་ཚོས་ལོ་སྨད་དང་དེ་བཞིན་སླད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པར་བརྟེན་ང་ཚོའི་ཡིད་ཆེས་ཆེ་རུ་སོང་བ་དང་། ངར་ཤུགས་འཕེལ་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱུང་ཡོད།

        དཔལ་འབྱོར་དུས་བབ་ཇི་ཙམ་ཡག་པོ་ཡོད་ན་དེ་ཙམ་གྱིས་བདེ་སྡོད་ཉེན་ཟོན་དང་གོ་སྐབས་མི་ཤོར་བ་བྱེད་དགོས། ལོ་སྨད་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་སློབ་སྦྱོང་གཏིང་ཟབ་བྱ་རྒྱུས་གཅིག་འདོམས་བྱེད་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་པོ་བྱས་ནས་མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་བཟོ་བའི་ངེས་གཏན་མིན་པའི་རྒྱུ་རྐྱེན་ལ་མཐོང་ཆེན་གྱིས་ཐག་གཅོད་ནན་ཏན་བྱེད་པ་དང་ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས།

        ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པར་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་དགོས། དུད་ཚང་ཁྲི་ 6.4 ཡི་བདེ་སྡོད་ལས་གྲྭ་དང “བརྒྱད་འཛོམས་ཞིང་དུད ”ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་ལས་གྲྭ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྲིད་འཛིན་གྲོང་ཚོ་1000 གི་མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་གཏོང་དང་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་དོན་འཁྱོལ་ཡོང་བ་བཅས་བྱེད་དགོས། ཤང་ཧྲིལ་པོར་སྐུལ་འདེད་གཏོང་ཤུགས་དང་དབུལ་སྐྱོར་ལས་དོན་ཁག་གཉིས་པ་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་ལོ་མཇུག་ཏུ་འབྲེང་ཐག་ཟམ་པ་དཔྱང་ཟམ་དུ་བཟོ་རྒྱུའི་ལས་འགན་བསྒྲུབ་དགོས། མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བའི་འཆར་གཞི་ཡག་པོ་འདིང་རྒྱུ་དང་མཐའ་ཁུལ་གྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲོས་འགོ་བཏོན་ནས་མཐའ་ཁུལ་གོང་འཕེལ་མགྱོགས་མྱུར་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

        ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པར་ཞིང་འབྲོག་ལས་ཐོན་སྐྱེད་ལ་མུ་མཐུད་དམ་འཛིན་ནན་ཏན་བྱེད་དགོས། དུས་མཇུག་གི་ཞིང་ནང་གཡོག་བྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ནད་དང་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་བྱ་རྒྱུར་དམ་འཛིན་ཤུགས་ཆེན་བྱེད་པ། གེགས་འགོག་གེགས་སེལ་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས། སྲོག་ཆགས་ཀྱི་ནད་ཡམས་ཡོངས་བཤེར་ཐེངས་གསུམ་པ་སྒོ་ཀུན་ནས་བྱས་ཏེ་སྟོན་དུས་སུ་སྲོག་ཆགས་ལ་གཅིག་སྡུད་ཐོག་རིམས་འགོག་སྨན་ཁབ་རྒྱག་པ་དང་ཕྱུགས་རིགས་བཤས་གཏོང་ཤུགས་ཆེ་རུ་གཏོང་དགོས། ཕྱུགས་རིགས་བཤས་གཏོང་ཚད་དང་འཚོང་ཚད་མང་དུ་གཏོང་དགོས་པ་དང་དབྱར་རྩྭ་དགུན་འབུ་འཐུ་འཚོང་གི་དོ་དམ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། རྩྭ་ཐང་གི་བྱི་གནོད་འགོག་བཅོས་ལས་དོན་ཤུགས་ཆེན་སྒྲུབ་དགོས་པ་དང་ལྗོངས་ཡོངས་ཀྱི་སྤང་རྩྭའི་ཐོན་ཁུངས་ཡོངས་བཤེར་གྱི་ལས་དོན་སྤེལ་འགོ་འཛུགས་དགོས། ཞིང་ཟོག་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ཡག་པོ་བྱེད་པ་དང་། སྔོ་ཚལ་ཐོག་ལུས་པའི་ཞིང་སྨན་དང་ཤ་སྣག་སྨན་སོགས་ལ་ལྟ་ཞིང་ཚད་ལེན་བྱ་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་དངོས་ཟོག་གི་སྤུས་ཚད་བདེ་འཇགས་ཞིབ་བཤེར་དང་ཚད་ལེན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་བློ་བདེའི་སྔོ་ཚལ་དང་ཤ་རིགས་མཁོ་འདོན་འགན་ལེན་བྱེད་དགོས།

        ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་གོང་འཕེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་འགོ་ཡག་པོ་འཛུགས་རྒྱུར་འབད་བརྩོན་ལྷོད་མེད་བྱེད་པར་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཞིང་ལས་དང་ཞིང་ཞོར་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་པ་དང་། སྲིད་ཇུས་ཀྱི་ཁ་གསབ་དང་རྣམ་གྲངས་ལ་བརྟེན་ནས་འབབ་འཕར་ཡོང་བ། ཐོན་ལས་གོང་འཕེལ་དང་ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཞིང་འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ཁྱད་ལྡན་འདེབས་འཛུགས་དང་འདེབས་གསོའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་པ་སྒྲིག་འཛུགས་ཀྱིས་ལས་གྲྭའི་ནང་ཞུགས་རྒྱུར་ལྕག་སྐུལ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།