དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་ནང་བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལུགས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་དང་སྲ་བརྟན་ཧུར་ཐག་གཏོང་དགོས།

        “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན ”མིག་སྔར་བོད་ཀྱི་སྤྱི་ཚོགས་དུས་བབ་དེ་སྤྱིའི་ཆར་རྒྱུན་མཐུད་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་ཡོད་ཀྱང་ཪྙོག་འཛིང་ཆེ་བའི་དུས་བབ་དང་འགྲན་སློང་ནན་པོ་སྔར་བཞིན་འཕྲད་ཡོད། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་བེད་སྤྱད་དེ་ཀྲུང་གོ་ཟང་ཟིང་བཟོ་བའི་འཐབ་ཇུས་ཀྱི་ལྐོག་གཡོར་འགྱུར་ལྡོག་བྱུང་མེད་པ་དང་ཏཱ་ལའི་རུ་ཚོགས་ཀྱི “བོད་རང་བཙན ”ཡོང་རེ་བྱེད་པའི་ཁ་ཕྲལ་རིང་ལུགས་ཀྱི་ངོ་བོར་འགྱུར་ལྡོག་བྱུང་མེད་པས་བོད་ཀྱི་ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཡུན་རིང་དང་། རྣོ་ངར་ཆེ་བ། ཪྙོག་འཛིང་ཆེ་བ་བཅས་ཡོད་པ་མ་ཟད་སྐབས་འགར་ཐ་ན་ཧ་ཅང་ཛ་དྲག་པོ་ཡོད། ང་ཚོས་ངེས་པར་དུ་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་རིག་པ་དྭངས་གསལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཪྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པའི་ཁར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་འགན་ལེན་ཡོང་བ་བྱེད་དགོས།

        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར “དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་དབང་ཆ་སྟངས་འཛིན། མི་སེམས་འགུག་པ། རྩ་སྲ་རྨང་བརྟན ”བཅས་ཀྱི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པ་དང་མཐའ་མཚམས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྲལ་སྟོབས་ཤུགས་ཀྱི་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།

        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཏཱ་ལའི་རུ་ཚོགས་ལ་རྒྱུན་བསྲིང་ལྷོད་མེད་ངང་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྟོབས་ཤུགས་ལྷག་འཕྲོའི་ཚབ་བྱེད་པ་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་དེས་བེད་སྤྱད་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་བཏང་ནས “བོད་རང་བཙན ”ཡོང་རེ་བྱེད་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་རུ་ཚོགས་ཤིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆབ་སྲིད་རུ་ཚོགས་དེའི་སྤྱིའི་འགོ་གཙོ་དང་། རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། མིག་སྔར་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་གྱི་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་བཅས་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བསམ་བློའི་སློབ་གསོ་རྒྱ་ཁྱབ་ངང་བཏང་སྟེ་ཏཱ་ལའི་རུ་ཚོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྟོང་བསམ་ཏིལ་འབྲུ་ཙམ་ཡང་འཆང་རྒྱུ་མེད།

        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མི་རིགས་དང་ཆོས་ལུགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། བོད་ཀྱི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་དེ་བོད་ཀྱི་མཐུན་སྦྱོར་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་མི་རིགས་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་ཁྲིད་སྟོན་གྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་དང་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོས་ལུགས་ལས་དོན་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ། དགོན་སྡེར་ཁྲིམས་ལྟར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ། དགོན་སྡེའི “དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང ”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དགོན་སྡེར་སྒྲིག་ཁུངས་གཏན་འཁེལ་དང་མི་གཏན་འཁེལ་བྱེད་པ། དགོན་སྡེའི་དཔེ་ཆ་སློབ་སྦྱོང་འཛིན་གྲྭའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲྭ་བཙུན་ཚོས་རང་རྟོགས་ངང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་དང་སྤྱི་ཚོགས་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ནང་མི་ཞུགས་པར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་ཐུབ་པ་བྱེད་དགོས།

        ཆོས་སྲིད་ཐ་དད་ཀྱི་རྩ་དོན་མཐའ་འཁྱོངས་དང་ཆོས་ལུགས་ཀྱིས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་ལ་ཐེ་ཇུས་མི་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱི་འགལ་རྐྱེན་དང་སིམ་འཛུལ་བཀག་འགོག་ཏན་ཏིག་བྱེད་དགོས། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོང་དང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། དེ་བཞིན་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་དབར་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས། ཆོས་ལུགས་ལས་རིགས་དང་མཉམ་དུ་རྒྱལ་གཅེས་སྟོབས་ཤུགས་མཐུན་སྒྲིལ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཆོས་ལུགས་ལས་རིགས་ཀྱིས་ཆོས་ཀྱི་དགོངས་པ་དང་ཆོས་ཁྲིམས་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་དང་འཚམས་པའི་འཆད་འགྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཚོའི་ནུས་པ་ཧུར་ཐག་འདོན་སྤེལ་བྱེད་དགོས།

        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མི་རིགས་ཁག་གི་མི་དམངས་དབར་གྱི་མཐུན་སྒྲིལ་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་དགོས། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པས་མི་རིགས་ཁག་གི་མི་དམངས་དབར་གྱི་མཐུན་སྒྲིལ་སྲུང་སྐྱོང་དང་ཇེ་ལེགས་སུ་གཏོང་རྒྱུར་དམིགས་བསལ་དང་འགངས་ཆེའི་ཆབ་སྲིད་ཀྱི་དོན་སྙིང་ལྡན་ཡོད། མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་གཏོང་བའི་བརྗོད་བྱ་གཙོ་བོ་སྟངས་འཛིན་ནན་པོ་བྱས་ཏེ “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློའི་སློབ་གསོ་གཏིང་ཟབ་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྔར་བས་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མིག་སྔར་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་བའི་གལ་ཆེའི་འཐབ་ཇུས་ཀྱི་རྫོགས་ལྡན་དུས་སྐབས་སུ་གནས་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་འགལ་ཟླ་མངོན་གསལ་དོད་པའི་དུས་སྐབས་ཤིག་ཡིན་པ་དང་དཔལ་འབྱོར་གྱི་གྲུབ་ཆ་སྣ་མང་དང་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་དེ་བཞིན་ཁེ་ཕན་གྱི་གྲུབ་ཆ་གཙོ་བོ་སྣེ་མང་ཅན་དུ་འགྱུར་བ་དང་བསྟུན་ནས་བོད་ཀྱི་མི་དམངས་ནང་ཁུལ་གྱི་འགལ་ཟླར་ཡང་ཁྱད་ཆོས་གསར་པ་ཐོན་ཡོད། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན། སྤྱི་ཚོགས་དོ་དམ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་སྤྱི་ཚོགས་དོ་དམ་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་བྱེད་ཐབས་གསར་གཏོད་བྱེད་དགོས། མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་པར་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་ནན་ཏན་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ཁོང་དུ་ཆུད་པ་བྱས་ཏེ་སྤྱི་ཚོགས་ཐོག་གི་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ། བརྟན་ལྷིང་མིན་པའི་རྒྱུ་རྐྱེན་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་བ། འབྱུང་རྩ་ནས་སྤྱི་ཚོགས་ཐོག་འཆམ་མཐུན་མིན་པའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱེད་དགོས། ཉེས་དོན་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་ཆེད་མངགས་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཐོལ་བྱུང་གི་སྤྱི་པའི་བདེ་འཇགས་དོན་རྐྱེན་མགྱོགས་མྱུར་དང་ནུས་ལྡན་ངང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

        མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་ཁ་ཕྲལ་ཟང་ཟིང་ལ་ངོ་རྒོལ་བྱེད་པའི་རང་ལྗོངས་ཀྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་མོད། རང་ལྗོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཚེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།