དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ངང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བློ་བརྟན་འགྱུར་མེད་ངང་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་འབྲེལ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། ལྗོངས་ཡོངས་ཀྱི་མི་དམངས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་རེ་བར་གཞིགས་ནས་མི་དམངས་མང་ཚོགས་ཀྱིས་དོ་འཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་འཕྲད་པའི་དཀའ་ངལ་ཐག་གཅོད་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་དེ་བས་མང་བ་ཞིག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཚོན་པར་བྱེད་པ་བཅས་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།   

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བློ་བརྟན་འགྱུར་མེད་ངང་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བར་གཙོ་གནད་ཡིན་པའི་ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། རང་ལྗོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་80%ཙམ་ཞིང་འབྲོག་ཁུལ་དུ་ཡོད་པར་བརྟེན་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་པའི་འགག་རྩ་ནི་ཞིང་འབྲོག་ཁུལ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་རེད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་སྡོད་ལས་བརྩོན་ཚད་བརྒལ་སར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་པས་ཞིང་འབྲོག་མང་ཚོགས་ཁྲི་140ལྷག་ཙམ་བདེ་འཇགས་ལྡན་པ་དང་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་རེད། ཆུ་དང་། གློག ལམ། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན། རྫབ་རླངས། ཁོར་ཡུག་མཛེས་སུ་གཏོང་བ། སྦྲག་སྲིད་བཅས་ནང་དོན་གཙོ་བོར་བྱས་པའི “ཞིང་དུད་དུ་བརྒྱད་ལྡན་པར་བྱེད་པའི ”ལེ་ལག་ཚང་བའི་འདུ་འགོད་ད་བར་སྲིད་འཛིན་གྲོང་ཚོ་5453ཚང་མར་ཕྱོགས་བསྡུས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡོད་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཤང་གྲོང་159ཡི་སྲིད་འཛིན་གྲོང་ཚོ་1659ལ་གཞུང་ལམ་ཤར་གཏོང་ཐུབ་པ། གློག་སྤྱོད་མཁན་མི་གྲངས་ཁྲི་74མང་དུ་ཕྱིན་པ། བདེ་འཇགས་ངང་ཆུ་སྤྱོད་མཁན་མི་གྲངས་ཁྲི་95ལྷག་ཙམ་མང་དུ་ཕྱིན་པ། སྲིད་འཛིན་གྲོང་ཚོ་ཚང་མར་ཁ་པར་ཤར་གཏོང་ཐུབ་པ་བྱ་རྒྱུ་སྤྱིར་ན་མངོན་འགྱུར་བྱུང་བ། རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་ཚད་90.25%དང་91.41%སོ་སོར་ཟིན་པ། ཞིང་འབྲོག་པའི་དུད་ཚང་ཁྲི་13.5ལ་རྫབ་རླངས་སྤྱོད་རྒྱུ་བྱུང་བ་བཅས་རེད། ན་ནིང་ལོ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱིས་ལོ་3གྱི་དུས་ཚོད་སྤྱད་དེ་སླར་ཡང་ཞིང་འབྲོག་པ་དུད་ཚང་ཁྲི་18.5ཡི་བདེ་སྡོད་ལས་གྲྭ་ལེགས་སྒྲུབ་བྱས་ནས་ཞིང་འབྲོག་མང་ཚོགས་ཡོངས་རྫོགས་བདེ་འཇགས་ལྡན་པ་དང་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཏོན་པ་རེད། དམངས་སེམས་འདུ་འགོད་དང་ཆབ་སྲིད་བཟང་པོའི་འདུ་འགོད་དེ་དག་གིས་སྤྱི་དོན་དུ་ཏང་འཛུགས་སྐྱོང་དང་དམངས་དོན་དུ་སྲིད་སྐྱོང་བའི་རང་རེའི་ཏང་གི་ངོ་བོའི་བླང་བྱ་གང་ལེགས་མཚོན་ཡོད། ང་ཚོས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་སྔར་བས་ཡག་པོ་དང་། འཆར་གཞི་ཡག་པོ། ལག་བསྟར་ཞིབ་ཚགས་བཅས་བྱས་ནས་ལས་བཟང་དང་དོན་དངོས་དེ་དག་ཡག་པོ་བསྒྲུབས་པ་དང་ཏན་ཏིག་སྒྲུབ་དགོས། བདེ་སྡོད་ལས་གྲྭའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་ཡག་པོ་བྱེད་པ་དང་། སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཞིང་འབྲོག་ཁུལ་གྱི “ཞིང་དུད་ལ་བརྒྱད་ལྡན་པར་བྱེད་པ ”དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་ཁུལ་གྱི་མི་འབོར་ཚད་རན་པོའི་སྒོ་ནས་གཅིག་སྡུད་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བརྟན་ཞིང་དགེ་མཚན་ལྡན་པའི་ངང་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་ལས་ལྷག་པའི་སྒོ་ནས་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྲོལ་རྒྱུན་ཞིང་འབྲོག་ལས་དེ་དེང་རབས་ཞིང་འབྲོག་ལས་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་རྒྱུན་མཐུད་དང་བརྟན་པོའི་སྒོ་ནས་འབབ་འཕར་ཡོང་བ་བྱེད་དགོས། བོད་སྐྱོར་ལས་དོན་གྱི་གཙོ་གནད་དེ་བས་མང་བའི་སྒོ་ནས་ཞིང་འབྲོག་ཁུལ་ལ་བསྒྱུར་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་དེ་བས་མང་བའི་སྒོ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་བསྒྱུར་ནས་ཞིང་འབྲོག་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཞིག་ཐོབ་ཐུབ་པ་བྱེད་དགོས།

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བར་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་ནི་མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་ལ་ཡོང་འབབ་བགོ་བཤའ་རྒྱག་སྟངས་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ངོ་བོ་དེ་སྤྱི་པའི་རང་བཞིན་དང་། ཡོངས་ཕན་རང་བཞིན། སྤྱི་ཚོགས་དྲང་གཞག་བཅས་ལས་མངོན་ཞིང་། སྤྱི་པའི་ཞབས་ཞུའི་ཐོན་ཟོག་དང་སྤྱི་པའི་ཞབས་ཞུ་མཁོ་འདོན་ནི་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་དབར་དང་། ས་ཁུལ་དབར། སྤྱི་ཚོགས་ཀྱི་ཁོངས་མི་དབར་བཅས་ཀྱི་ཡོང་འབབ་ཧེ་བག་སྙོམས་སྒྲིག་བྱེད་པ་དང་། སྤྱི་ཚོགས་ཀྱི་དྲག་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་བདེ་འཇགས་དང་གོ་རིམ་ལྡན་པ་འགན་སྲུང་བྱེད་པ་བཅས་ཀྱི་ལམ་ལུགས་རང་བཞིན་གྱི་བྱེད་ཐབས་དང་ལམ་སྲོལ་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས། རིག་གནས་སོགས་སྤྱི་པའི་ཞབས་ཞུའི་བྱ་གཞག་འཛུགས་སྐྲུན་ལ་དེ་བས་སྣང་ཆེན་དང་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། སློབ་གསོ་མུ་མཐུད་དམིགས་སུ་བཀར་ནས་འཕེལ་རྒྱས་བཏང་སྟེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་མ་དངུལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་འབྲོག་པའི་བུ་ཕྲུག་གི་འོས་འགན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་ཐུབ་པ་དང་། སློབ་གྲྭར་སྐྱོད་པའི་ཆ་རྐྱེན་ལྡན་པ། སློབ་གྲྭ་ཡག་པོར་སྐྱོད་ཐུབ་པ་བཅས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་མུ་མཐུད་འཕེལ་རྒྱས་མགྱོགས་པོ་བཏང་ནས་ས་ཁུལ (གྲོང་ཁྱེར )རིམ་པའི་སྨན་ཁང་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལྟེ་བའི་ཤང་གྲོང་དང་ཞིང་ནགས་ར་བའི་འཕྲོད་བསྟེན་ཁང་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་དང་གྲོང་ཁྱེར་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྨན་པ་བསྟེན་དུས་སྟབས་བདེ་ཡོང་བ་དང་། ན་དུས་སྨན་བཅོས་བྱེད་ཐུབ་པ། སྨན་བཅོས་ཡག་པོ་བྱེད་ཐུབ་པ་བཅས་འགན་ལེན་བྱེད་དགོས། ལས་ཞུགས་མུ་མཐུད་རྒྱ་བསྐྱེད་ཧུར་ཐག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་བྱེད་པའི་ལས་གནས་ཡོད་པ་དང་། བྱ་གཞག་གཏོད་ལམ་ཡོད་པ། ཕྱུག་འགྱུར་ལ་རེ་བ་ཡོད་པ་བཅས་བྱེད་དགོས། སྤྱི་ཚོགས་བྱ་གཞག་ཁག་མུ་མཐུད་མཐུན་སྦྱོར་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་གྲོང་མིའི་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དབུལ་པོ་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ཏེ་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པ་བཅས་རེད།

        ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བློ་བརྟན་འགྱུར་མེད་ངང་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བར་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བྱ་གཞག་ངེས་པར་དུ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རིག་གནས་ནི་མི་དམངས་ཀྱི་འཚོ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན་སྟབས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་ཚེ་གཞི་ནས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་ལ་སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྒྲིལ་ཡོང་ཆེད་བསམ་པའི་འདེགས་སྐྱོར་གལ་ཆེན་མཁོ་འདོན་ཡང་བྱེད་ཐུབ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་རིག་གནས་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། སྔོན་ཐོན་རིག་གནས་ཀྱིས་སྤྱི་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་སྤེལ་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་ཞིང་པའི་དཔེ་དེབ་ཁང་སོགས་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་རླུང་འཕྲིན་དང་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ཀྱི་འདུ་འགོད་དང་། གྲོང་གསེབ་ཏུ་གློག་བཪྙན་སྟོན་པའི་འདུ་འགོད། ཏང་གི་ཚགས་པར་དང་དུས་དེབ་རིན་པ་མི་དགོས་པར་སྤྲོད་པའི་འདུ་འགོད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་གྱི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།