དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་སྒྲུབ་ཧུར་ཐག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས ”ཞེས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་རྒྱུའི་ཐུགས་རེ་གནང་ཡོད། ང་ཚོས་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་མཆོག་གི་སྐུལ་མ་དང་ལྕག་འདེབས་དེ་སྟོབས་ཆེའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱེད་པར་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། རྩ་བའི་རྩ་དོན་བཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དེ་སྔར་བས་བོད་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་མ་ཧུར་ཐག་བཏང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།   

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག “བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར ”2020ལོར་སླེབས་སྐབས “འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས ”ཞེས་གསལ་སྟོན་བྱས་ཡོད། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་བོད་ཀྱི་རྗེས་ལུས་རྣམ་པར་གང་མགྱོགས་འགྱུར་ལྡོག་གཏོང་བའི་དགོས་གཏུག་བླང་བྱ་ཞིག་དང་། རྒྱལ་ཡོངས་ཀྱི་དེང་རབས་ཅན་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་གྲུབ་ཆ་ཞིག མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གཅིག་གྱུར། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་གལ་ཆེའི་འགན་ལེན་ཞིག་བཅས་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ཁྲོད་དཔལ་འབྱོར་གྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ཆབ་སྲིད་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་བསྡུར་ཚེ་བོད་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དུས་ཚོད་དང་དམིགས་ཚད་གཅིག་མཚུངས་ཡིན་ཡང་འགོ་འཛུགས་ས་དང་ཆ་རྐྱེན་མི་འདྲ་བས་ང་ཚོས་ངེས་པར་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོར་བཙུགས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

        མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་རྗེས་སུ་འཕེལ་རྒྱས་བྱུང་བའི་ས་ཁུལ་གྱིས་ངེས་པར་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་དང་ཁོར་ཡུག་ཆ་རྐྱེན་འོག་རྗེས་སུ་འཕེལ་རྒྱས་བྱུང་བའི་མཐུན་རྐྱེན་སྤྱད་དེ་རྒྱལ་དམངས་དཔལ་འབྱོར་དེ་རྒྱུན་སྲོལ་ལས་བརྒལ་བ་དང་གོམ་ཞེང་ཆེན་པོས་འཕེལ་རྒྱས་ཡོང་བ་བྱེད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕེལ་རྒྱས་ཉམས་མྱོང་གིས་ང་ཚོར་འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་ཉག་གཅིག་ཡིན་པ་དང་བོད་ཀྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞེས་བསྟན་ཡོད། ང་ཚོར་གཞི་རྩའི་འབྱོར་འབྲིང་མངོན་འགྱུར་བྱུང་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་ཀྱང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་སྔར་བཞིན་འཕྲད་ཡོད་པས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཞན་པ་དང་། གསོག་འཇོག་ཉུང་བ། དངོས་ཤུགས་ཆུང་བ་བཅས་ཀྱི་གནས་ཚུལ་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་མེད་པས་མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་དེ་སྔར་བཞིན་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་དེ་ཡིན་པ་རེད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་ང་ཚོས་དུས་ཐུང་ལོ་བཅུའི་དུས་ཚོད་སྤྱད་དེ་ས་ཁུལ་གཞན་གྱིས་ལོ་20ལྷག་ཙམ་རིང་བསྐྱོད་ཟིན་པའི་ལམ་ཐག་དེ་བསྐྱོད་ཚར་བ་བྱེད་དགོས་པ་དེས་བོད་ཀྱི་འཕེལ་རྒྱས་དེ་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ཐག་བཅད་ཡོད། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མེད་ཚེ་བོད་འདི་དར་རྒྱས་ཆེ་བའི་ས་ཁུལ་དང་ཧེ་བག་ཆུང་དུ་འགྲོ་མི་ཐུབ་ལ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ལས་ཀྱང་བརྒལ་མི་ཐུབ་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མེད་ཚེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དེ་རྒྱུན་འཁྱོངས་བྱེད་དཀའ་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་དམིགས་ཚད་ཀྱང་མངོན་འགྱུར་ཡོང་མི་ཐུབ།

        ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ངེས་པར་དུ་མཐའ་འཁྱོངས་ཡུན་རིང་བྱ་དགོས་པའི་གཞི་རྩའི་ཉམས་མྱོང་ཞིག་ཡིན། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་ཀྲུང་དབྱང་གིས་ནོར་སྲིད་དཔྱ་ཁྲལ་གྱི་རྒྱབ་སྐྱོར་དང་། དངུལ་རྩའི་རྒྱབ་སྐྱོར། ཀྲུང་དབྱང་གི་མ་འཇོག ཤེས་ལྡན་པ་གསོ་སྐྱོང་། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་སོགས་ཀྱི་ཐད་བོད་ལ་ཕྱོགས་པའི་དམིགས་བསལ་སྲིད་ཇུས་དང་བྱེད་ཐབས་སྔར་བས་ཁ་གསལ་བཟོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གཙོ་གནད་ཐོག་བོད་ཀྱི་རྣམ་གྲངས་ཆེན་པོ་226གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་དག་གིས་ང་ཚོར་འཕྲད་དཀའ་བའི་གོ་སྐབས་རྩ་ཆེན་སྤྲད་ཡོད་ཅིང་། ང་ཚོས་གོ་སྐབས་དམ་འཛིན་དང་བབ་བསྟུན་ཡར་སྐྱོད་བྱས་ནས་རྗེས་སུ་འཕེལ་རྒྱས་བྱུང་བའི་ལེགས་ཆ་དང་རང་ངོས་ཀྱི་མངོན་མེད་སྟོབས་ཤུགས་ཁྱོན་ཡོངས་ནས་འདོན་སྤེལ་བྱས་ཏེ་འཕེལ་རྒྱས་ཀྱི་ཆོས་ཉིད་ཡང་དག་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ལྟ་ཚུལ་གསར་གཏོད། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བ་བཅས་བྱས་ཚེ་གཞི་ནས་སྔར་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་གཏོད་ཐུབ་རྒྱུ་རེད།

        ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་བསྲིང་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་བསྐྲུན་རྒྱུ་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཙོ་གནད་དང་ཐབས་ལམ་གལ་ཆེན་ཡིན། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུར་སྐྱོད་པའི་བླང་བྱ་ལྟར “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རང་སའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་རྨང་གཞིའི་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ་གཙོ་གནད་ཡོད་པའི་སྒོ་ནས་བོད་ཀྱི་ས་གནས་ཁྱད་ཆོས་ལྡན་ལ་ལེགས་ཆ་དང་ཁྲོམ་རའི་འགྲན་ནུས་ཅུང་ཙམ་ལྡན་པའི་ཐོན་ལས་གོང་འཕེལ་གཏོང་བ་དང་ལྷག་དོན་དུ་ཡུལ་སྐོར་ལས་རིགས་དང་། ནུས་རྒྱུ་ཐོན་ལས། ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལས་རིགས། ལེགས་ལྡན་གཏེར་ཁའི་ཐོན་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་བསྲིང་བྱེད་མགྱོགས་སུ་བཏང་ནས་ཁྱད་ལྡན་ཐོན་ལས་ཁུལ་ཆེན་ཧུར་ཐག་ངང་བསྐྲུན་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས།

        རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་རྐང་འཛིན་རྣམ་གྲངས་གཙོ་གནད་ཁག་གཅིག་མུ་མཐུད་བསྐྲུན་རྒྱུ་ནི་སླད་ཕྱིན་གྱི་དུས་སྐབས་རིང་ཙམ་ནང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་གཙོ་གནད་མངོན་གསལ་དོད་དུ་བཏང་ནས་མ་ལམ་གཞུང་ལམ་ནི་རྨང་གཞི་དང་ལྕགས་ལམ་དང་མཁའ་འགྲུལ་སྐྱེལ་འདྲེན་ནི་གཙོ་བོ་ཡིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཤུགས་ཆེར་བསྐྲུན་ནས་ཆུ་གློག་གཙོ་བོ་ཡིན་པ་དང་སྣུམ་རླངས་དང་ནུས་རྒྱུ་གསར་པས་ཕན་ཚུན་ཁ་གསབ་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་སྒོ་ཀུན་ནས་སྐུལ་མ་གཏོང་བ། དེང་རབས་ཅན་གྱི་འཕྲིན་གཏོང་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྩ་བའི་ཆ་ནས “འཇུར་མིག ”གི་ཚོད་འཛིན་མེད་པར་བཟོ་བ་བཅས་བྱས་ཏེ་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྔོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་ནི་རྒྱུན་བསྲིང་ངང་འཕེལ་རྒྱས་མངོན་འགྱུར་ཡོང་བའི་འགན་ལེན་ནུས་ལྡན་ཡིན། བོད་ཀྱི་ས་ཁམས་ཁོར་ཡུག་དམིགས་བསལ་ཡིན་པ་དང་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་པས་གལ་སྲིད་གཏོར་བཤིག་ཕོག་ཚེ་གནམ་གཤིས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་སྲིད་ལ་འཕེལ་རྒྱས་ཀྱི་རྨང་གཞིའང་ཇེ་ཞན་དུ་འགྲོ་སྲིད་པར་བརྟེན། ང་ཚོས་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་ཏེ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་བསྟར་རྒྱུར་དམ་འཛིན་བྱས་ནས་རང་བྱུང་ནགས་ཚལ་འདུ་འགོད་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་དང་ལྗོན་ཤིང་དང་རི་ཆུ་ཀླུང་ཡོངས་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས།

        སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྐྲུན་པའི་འགྲོ་ལམ་བཟློག་མེད་ཡིན་ལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བོད་ཕྱུག་བོད་དར་གྱི་ལམ་བུའང་ཡིན། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱ་དགོས་ན་བོད་ཀྱི་འཕེལ་རྒྱས་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས། མཐའ་མཚམས་ཀྱི་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་ཕྱི་ཕྱོགས་ཀྱི་སྒོ་དབྱེའི་སྤུས་ཚད་དང་ཆུ་ཚད་ལེགས་སུ་གཏོང་བ་དང་དུས་མཚུངས་ནང་སར་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་སའི་ཞིང་ཆེན (ལྗོངས )དང་གྲོང་ཁྱེར་གྱི་འཕྲེད་ཕྱོགས་དཔལ་འབྱོར་སྤེལ་རེས་དང་རོགས་ལས་ལ་ཤུགས་སྣོན་རྒྱག་པ། “ཕྱིར་སྐྱོད་པ ”དང “ནང་དུ་གདན་དྲངས་པའི ”ལས་ཀ་ཁག་གཉིས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་བཅས་སྔར་བས་མང་པོ་བཀུག་ནས་བོད་ཀྱི་དཔལ་འབྱོར་དང་ནང་སའི་དཔལ་འབྱོར་མཉམ་འདྲེས་ཕན་གསབ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།