དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཐུན་མོང་ཐོག་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས (རྒྱ་ཆེ )གྲོས་ཚོགས་ཐེངས་བརྒྱད་པ་ལྷ་སར་རྒྱལ་ཁའི་ངང་འཚོགས་ཤིང་། དེ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དགའ་སྤྲོ་དཔག་མེད་ངང་རྟེན་འབྲེལ་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུའི་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ཚོགས་འདུ། ཁ་གཏད་རོགས་སྐྱོར་གྱི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྤོ་མགྱོགས་སུ་གཏོང་ཕྱིར་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་པ་ཞིག་ཡིན་པ་རེད།

        བློ་མཐུན་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གི་ནང་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་ཤིང་། དེ་དག་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཚོན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱ་མཚོན་པ་མ་ཟད་ད་དུང་དེའི་ནང་ལོ་60ཡི་རིང་གི་བོད་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། བོད་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས། བོད་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། བོད་ཀྱི་སླད་ཕྱིན་དུས་སྐབས་ཤིག་གི་འབད་འཐབ་དམིགས་ཚད་དང་ལས་ཀའི་ལས་འགན་གསལ་བཏོན་བཅས་བྱས་ཡོད་པ་རེད། གསུང་བཤད་གལ་ཆེན་དེས་བོད་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་ཐད་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་བའི་ཁར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་ཀྱི་ལས་དོན་སྒྲུབ་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བསམ་ཕྱོགས། དམིགས་ཚད་ལས་འགན། བྱ་སྤྱོད་གལ་ཆེན་བཅས་བཏོན་ཡོད་ལ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་པའི་ལས་དོན་བཀོད་སྒྲིག་ཞིབ་ཕྲའང་བྱས་ཡོད་པ་དེར་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན།

        དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་རེད། གསུང་བཤད་གལ་ཆེན་དེ་དག་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་རྗེས་ཀྱི་བོད་ཀྱི་ལས་དོན་ཐད་ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་གལ་ཆེན་གཞན་ཞིག་ཡིན་པ་རེད། གསུང་བཤད་དེའི་ནང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་གཏོང་མི་རུང་ཞེས་ནན་བཤད་གནང་ནས་ཁ་ཕྱོགས་སྟངས་འཛིན་དང་ཁྱོན་ཡོངས་ཁོང་དུ་ཆུད་པ་བྱ་རྒྱུའི་ཐད་ང་ཚོར་བླང་བྱ་གསར་པ་བཏོན་གནང་བ་དང་། བོད་ཀྱི་དམིགས་བསལ་གནས་ཚུལ་སྔར་བས་རྒྱས་བཤད་གནང་ནས་དོན་དངོས་ལ་གཞི་ཚུགས་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས་བྱ་རྒྱུའི་ཐད་ང་ཚོར་གནས་གཞི་གསར་པ་མཁོ་འདོན་གནང་བ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་རྒྱུའི་མངོན་གསལ་དོད་པའི་ཁྱད་རྟགས་རགས་བསྡུས་གནང་ནས་གང་ཞིག་འཕེལ་རྒྱས་གཏོང་དགོས་པ་དང་འཕེལ་རྒྱས་གང་འདྲ་གཏོང་དགོས་པའི་ཐད་ང་ཚོར་ཐབས་ལམ་གསར་པ་བཏོན་གནང་བ། བོད་ཀྱི་ལས་དོན་གྱི་ལས་འགན་གཙོ་བོ་སྔར་བས་གསལ་སྟོན་གནང་ནས་གཙོ་གནད་མངོན་གསལ་དོད་པོ་དང་གཙོ་གནད་ཚད་བརྒལ་བྱེད་པའི་ཐད་ང་ཚོར་བཀོད་སྒྲིག་གསར་པ་གནང་བ། བོད་ཀྱི་ལས་དོན་གྱི་རྩ་བའི་བྱེད་ཐབས་སྔར་བས་རྒྱས་བཤད་གནང་ནས་མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བའི་ཐད་ང་ཚོར་མཛུབ་ཁྲིད་གསར་པ་གནང་ཡོད་པ་རེད།

        བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེའི་ནང་དོན་གཙོ་བོ་ནི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཧུར་བརྩོན་ཆེན་པོས་སྐུལ་འདེད་གཏོང་རྒྱུ་དང་ལྷག་པར་དུ་མིག་སྔར་གཞི་ཚུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པར ”དམ་འཛིན་ཡག་པོ་བྱས་ནས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལྡན་པའི་རྨང་གཞི་འདིང་རྒྱུ་དེ་རེད། ང་ཚོས་དགོངས་དོན་གྱི་ངོ་བོ་གོ་བ་གཏིང་ཟབ་བླངས་ཏེ་འབྱོང་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུའི་འབད་འཐབ་དམིགས་ཚད་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ནང་དོན་གཏིང་ཟབ་པོ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུའི་རྩ་དོན་གལ་ཆེན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་ཞིབ་ཕྲ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བཅས་བྱེད་དགོས། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་བྱེད་པ་དང་། གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་། ངོས་འཛིན། འདུ་ཤེས། བྱ་སྤྱོད་བཅས་སྔར་བས་གཅིག་གྱུར་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བླང་བྱ་གཞིར་བཟུང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱི་ཁར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་བྱེད་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ་ལམ་ཕྱོགས་གཙོ་བོར་བྱས་ཏེ “བློ་བརྟན་འགྱུར་མེད་ལྔ ”ཡི་ལས་འགན་གཙོ་བོ་ལག་བསྟར་མཐར་ཕྱིན་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་པ་དང་མི་རིགས་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་དགོས།

        བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་དགོས་ན་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་ལྗོངས་སུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་པ་དེ་ཐོག་ནས་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཐད་བཀོད་སྒྲིག་གསར་པ་གནང་བ་གང་ལེགས་མཚོན་གྱི་ཡོད། དེ་བོད་ཀྱི་ལས་དོན་ཧྲིལ་པོའི་ནང་ཁ་ཕྱོགས་ལ་དོ་དམ་དང་། ཁྱོན་ཡོངས་ལ་དོ་དམ། ཕུགས་ལ་དོ་དམ་བཅས་ཀྱི་གནས་བབ་ཐོག་གནས་ཡོད་པས་དེ་ནི་བོད་ཀྱི་ལས་དོན་ཁག་གི་སྤྱིའི་རྩ་འཛིན་ཞིག་རེད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་མཛུབ་ཁྲིད་བསམ་བློ་དེར་བརྟེན་ནས་ལྗོངས་ཡོངས་ཀྱི་ལས་དོན་འཆར་འགོད་བྱ་རྒྱུ་རང་འགུལ་ངང་མཐའ་འཁྱོངས་དང་མཛུབ་ཁྲིད་བསམ་བློ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་གཏོང་མི་རུང་།

        བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་དགོས་ན་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་རྒྱུ་མཚན་བསྙོན་མེད་ཅིག་དང་བོད་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱེད་པའི་འགག་རྩ་ཞིག་རེད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་དེ་འཕེལ་རྒྱས་ལ་བརྟེན་དགོས་པ་དང་། དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་འཕེལ་རྒྱས་ལ་བརྟེན་དགོས་པ། སྤྱི་ཚོགས་བརྟན་ལྷིང་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བཞིན་འཕེལ་རྒྱས་ལ་བརྟེན་དགོས། དེར་བརྟེན་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་བའི་ཁར་རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་ཡག་པོ་བཏང་ནས་དཔལ་འབྱོར་སྔར་བས་འཕེལ་རྒྱས་ཡག་པོ་དང་། འཕེལ་རྒྱས་མགྱོགས་པོ། འཕེལ་རྒྱས་ཆེན་པོ་བཅས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་རྒྱུའི་འགག་རྩ་དེ་དམ་པོར་བཟུང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རྣམ་གྲངས་འཆར་འགོད་ཇུས་གཞི 》ཞིབ་ཕྲ་ཅན་དུ་གཏོང་བ་དང་དོན་འཁྱོལ་ཏན་ཏིག་བྱེད་དགོས།

        གཙོ་བོ་ཡིན་པའི་ཞིང་འབྲོག་ཁུལ་དེ་དམ་འཛིན་ཡག་པོ་བྱས་ཏེ་བདེ་སྡོད་ལས་བརྩོན་ཚད་བརྒལ་ཡོང་གཞིར་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་གསར་པ་དེ་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཕ་ཡུལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གཙོ་གནད་ཡིན་པའི་ཁྱད་ལྡན་ཐོན་ལས་ཁུལ་ཆེན་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཁྱད་ལྡན་ཐོན་ལས་ཁུལ་ཆེན་བསྐྲུན་རྒྱུའི་འཆར་འགོད་ཞིབ་བཟོ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་འཕུར་མཆོང་ཆེན་པོ་ཞིག་ཡོང་བའི་འགན་ལེན་བྱེད་དགོས། འདེགས་སྐྱོར་ཡིན་པའི་སྣོན་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་བསྐྲུན་རྒྱུའི་འཆར་གཞི་ལག་བསྟར་ནན་ཏན་གྱིས་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྒུལ་ཤུགས་ཡིན་པའི་སྒྱུར་བཅོས་སྒོ་དབྱེ་དམ་འཛིན་ཡག་པོ་བྱས་ཏེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེར་བརྟེན་ནས་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་གསར་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་ཤེས་ལྡན་མི་སྣ་སྣ་ཚོགས་སྔར་ལས་མང་བ་ཞིག་བོད་དུ་མ་འཇོག་དང་བྱ་གཞག་གཏོད་པར་ཡོང་རྒྱུའི་ཡིད་དབང་འགུག་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས།

        བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་འབད་བརྩོན་ཆེན་པོས་ལེན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་གི་མི་དམངས་ཚོའི་འཚོ་བ་འགན་ལེན་དང་ལེགས་སུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་ཡིན། ངེས་པར་དུ་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་ནོར་ཤུགས་སྔར་ལས་མང་བ་ཞིག་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཐོག་དོན་འཁྱོལ་བྱེད་པ་དང་སྲིད་ཇུས་དང་མ་དངུལ་རྒྱ་ཆེའི་ཞིང་འབྲོག་ཁུལ་དང་མཐའ་འཁོབ་ས་ཁུལ་ལ་སྔར་བས་ཕྱོགས་ཏེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཐད་ཀའི་འབྲེལ་བ་ཡོད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བྱེད་དགོས། སྔོན་ལ་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་ནས་ཕྲུ་གུ་ཡོད་ཚད་སློབ་གྲྭར་ཞུགས་ཐུབ་པ་དང་སློབ་གྲྭ་ཡག་པོ་འགྲེམས་ཐུབ་པ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ནད་གཞི་ཕོག་ཉུང་བ་དང་། སྨན་པ་བསྟེན་ཐུབ་པ། ནད་གཞི་ཡག་པོ་བཅོས་ཐུབ་པ་བཅས་བྱེད་ཐུབ་པ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཐབས་ལམ་ཆེ་རུ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་ཡོད་པ་དང་། བྱ་གཞག་གསར་གཏོད་ཀྱི་ལམ་བུ་ཡོད་པ། ཕྱུག་འགྱུར་གྱི་རེ་ལྟོས་ཡོད་པ་བཅས་བྱེད་དགོས། སྤྱི་ཚོགས་འགན་ལེན་རྦད་དེ་ཁྱབ་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཟས་གོས་ལ་བརྟེན་ས་ཡོད་པ་དང་། འཚོ་བར་ཡོང་ཁུངས་ཡོད་པ། རྒན་གསོར་འགན་ལེན་ཡོད་པ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་པ་བྱེད་དགོས།

        བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་འབད་བརྩོན་ཆེན་པོས་ལེན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་སྤྱིར་ན་རྒྱུན་མཐུད་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་ཡོད་མོད། འོན་ཀྱང་སྔར་བཞིན་ཪྙོག་འཛིང་ཆེ་བའི་དུས་བབ་དང་འགྲན་སློང་དྲག་པོ་འཕྲད་ཡོད། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་བ་དེ་དམ་པོར་འཛིན་ནས་བསམ་བློར་གཡོ་འགུལ་མི་ཐེབས་པ་དང་། དཔའ་སེམས་མི་ཉམས་པ། སྟོབས་ཤུགས་ཞན་དུ་མི་འགྲོ་བ། བྱེད་ཐབས་འཕྲི་འཐེན་མི་བྱེད་པ་བཅས་བྱེད་ཐུབ་པ་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། “དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་དབང་ཆ་སྟངས་འཛིན། མི་སེམས་འགུགས་པ། རྩ་སྲ་རྨང་བརྟན ”བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་ང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི་ཐད་ཤུགས་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་ཏན་བྱེད་དགོས། བོད་ལྗོངས་འདི་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ལ་འགྱུར་བ་བྱེད་པའི་ཐད་ཀྱི་ལག་བསྟར་འཆར་གཞི་ཞིབ་འཇུག་ནན་ཏན་བྱེད་པའི་ཁར་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་བཏང་སྟེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དགོན་སྡེའི་རྒྱུན་ལྡན་གྱི་སྒྲིག་ལམ་འཛུགས་པ་དང་དེར་སྲུང་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་དོ་དམ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་གྱི་བྱེད་ཐབས་གསར་གཏོད་བྱས་ཏེ་འབྱུང་རྩ་ནས་སྤྱི་ཚོགས་མཐུན་སྦྱོར་མེད་པའི་སྣང་ཚུལ་སྔོན་འགོག་དང་ཉུང་དུ་གཏོང་དགོས།

        བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བློ་མཐུན་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ་འབད་བརྩོན་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དེ་ནི་རང་ལྗོངས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན། ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུའི་ཐོག་ཤུགས་བརྒྱབ་ནས་ཕུགས་བསམ་བརྟན་གཏོང་དང་། ཁ་ཕྱོགས་གསལ་བཟོ། དམིགས་ཡུལ་གསལ་རྟོགས་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་མི་དམངས་དང་སེམས་པ་གཅིག་མཐུན་ཡོང་བ་བྱེད་དགོས་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ཤུགས་བརྒྱབ་སྟེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་ཀའི་ཐད་འཇོན་ཐང་ལྡན་པ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་ཤུགས་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་དང་། གསར་གཏོད་ནུས་པ། གོང་བུ་སྒྲིལ་ཤུགས་བཅས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་ཐད་ཤུགས་བརྒྱབ་ནས་ཕྱར་བ་གྲུ་འདེགས་ཀྱིས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་དང་ཏང་གི་ལས་དོན་ཡག་པོ་བསྒྲུབ་པའི་མཉམ་ཤུགས་ཧ་ཅང་ཆེ་མོ་ཞིག་ཆགས་པ་བྱེད་པ། རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ཐད་ཤུགས་བརྒྱབ་ནས་རུལ་སུངས་ནུས་ལྡན་ངང་སྔོན་འགོག་དང་རུལ་སུངས་ལ་མཐའ་གཅིག་ཏུ་ཉེས་ཆད་གཅོད་པ་བཅས་བྱེད་དགོས།

        དུང་བརྡ་གསར་པ་གྲགས་པ་དང་མདུན་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ཟིན་ཞིང་། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟར་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བློ་མཐུན་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སྒུལ་ཤུགས་སུ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཀུན་སེམས་གཅིག་སྒྲིལ་དང་། ལས་ཀ་ཏན་ཏིག འབད་བརྩོན་ལྷོད་མེད། གསར་འབྱེད་གསར་གཏོད་བཅས་བྱས་ནས་ཐུན་མོང་ཐོག་བོད་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།