ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཁག་ནང་ཞུགས་རིང་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་བྱ་གཞག་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་བཞུགས་མོལ་ཚོགས་འདུའི་མཛུབ་ཁྲིད་དགོངས་པ་དང་། འགངས་ཆེའི་དོན་སྙིང་། བསམ་བློའི་ངོ་བོ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཏིང་བ་དེ་ནི་ཏང་གི་བོད་ཀྱི་ལས་དོན་ཐད་ཀྱི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གལ་ཆེའི་ཚོགས་འདུ་ཞིག་ཡིན། བཞུགས་མོལ་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བོད་སྐྱོང་ཐབས་ཇུས་ཆེན་པོ་འཐུས་ཚང་དུ་བཏང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་གི་མཛུབ་ཁྲིད་དགོངས་པ་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། དེ་ནི་ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བོད་དུ་ཞིབ་ཕྲའི་ཆ་རྐྱེན་འཛོམས་པའི་འོག་སྤྱད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་ཞིབ་ཕྲའི་མཚོན་ཚུལ། རང་རེའི་ཏང་གི་དམིགས་ཡུལ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་བླང་བྱ། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཐད་ཀྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་ཁྱོན་ཡོངས་ནས་མངོན་པ། བོད་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་བཟུང་བའི་ཁ་ཕྱོགས་དང་། ཁྱོན་ཡོངས། ཕུགས་ལམ་བཅས་ལ་དོ་དམ་བྱེད་པའི་གནས་བབ། བོད་ཀྱི་ལས་དོན་ཁག་གི་སྤྱིའི་རྩ་འཛིན་བཅས་ཡིན། བཞུགས་མོལ་ཚོགས་འདུའི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ་དང་མི་འཕྱུགས་པའི་ངང་ཁོང་དུ་ཆུད་པ་བྱེད་དགོས་པ་མ་ཟད་དེར་བརྟེན་ནས་ཚང་མའི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ་རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དང་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་དང་ཡང་འབྲེལ་བ་ཡོད་པར་བརྟེན་ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་རང་འགུལ་ངང་མཛུབ་ཁྲིད་དགོངས་པར་བརྟེན་ནས་ལྗོངས་ཡོངས་ཀྱི་ལས་དོན་བཀོད་སྒྲིག་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་ཀྱིས་གཡོ་འགུལ་མི་ཐེབས་པ་བྱེད་དགོས།
ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་དེང་གི་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་མི་འཕྱུགས་པའི་ངང་ཁོང་དུ་ཆུད་པ་བྱེད་དགོས། དེང་སྐབས་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་སུ་ལུས་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དབར་གྱི་འགལ་བ་དེ་ཡིན་པ་དང་ཕྱོགས་མཚུངས་རང་ལྗོངས་སུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་གྱི་འགལ་བ་ལྷག་ཡོད་པ་དེ་ནི་ད་ལྟའི་དུས་ཀྱི་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་འགལ་བ་ཡིན་པ་ཀྲུང་དབྱང་གིས་ཡང་དག་པའི་ངང་བརྡར་ཤ་བཅད་པ་མ་ཟད་རྒྱལ་ཡོངས་ཀྱི་ས་ཆ་གཞན་དང་མི་འདྲ་བའི་རང་ལྗོངས་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། འགལ་བ་གཉིས་པོ་དེས་ད་ལྟའི་དུས་མཚམས་ཀྱི་རང་ལྗོངས་ཀྱི་ལས་དོན་གྱི་བརྗོད་བྱ་གཙོ་བོ་ནི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་ཐག་བཅད་ཡོད་། ང་ཚོས་སྔ་བར་ཕྱི་གསུམ་དུ་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་ཁོང་དུ་ཆུད་པ་བྱས་ནས་རང་ལྗོངས་ཀྱི་དོན་དངོས་དང་བསྟུན་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་སྐྱེད་བྱེད་སྟངས་ལེགས་སུ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། དུས་མཚུངས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་དང་འགན་འཁྲིའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ། བློ་ཐག་ཆོད་པོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་པ་བཅས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་ལམ་བུ་དེ་ནི་ཀྲུང་དབྱང་གིས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་གཏན་འབེབས་བྱས་པའི་ཐབས་ལམ་དང་བླང་བྱ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ནི་རང་ལྗོངས་འདི་ཉིད་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་མཁན་གྱི་དར་ཆ་དང་སྤྱིའི་བླང་བྱ་ཞིག་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ནི་རང་ལྗོངས་ཀྱི་དོན་དངོས་དང་འཚམས་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན། ང་ཚོས་ངེས་པར་དུ་དོན་དངོས་གཞིར་བཟུང་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ལམ་བུ་དེ་མཐའ་འཁྱོངས་བྱེད་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ལྟོ་གོས་འཛོམས་པ། སྣོད་བཅུད་བཟང་བ། སྤྱི་ཚོགས་བརྟན་ལྷིང་། ཤེས་དཔལ་ཡར་ཐོན་བཅས་ཕན་ཚུན་ཟུང་དུ་སྦྲེལ་བའི་རྣམ་པ་གསར་པ་ཞིག་སྔར་བས་གཏོད་དགོས།
ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་ངེས་པར་དུ་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། བོད་དུ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་རྩ་ཆེའི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་རྒྱལ་ཡོངས་ཀྱི་རོགས་སྐྱོར་གང་ལེགས་སྤྱོད་དགོས། ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུ་ནི་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང 《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར 》ཆོག་མཆན་གནང་ཡོད ། རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་དེས་མིག་སྔའི་རང་ལྗོངས་ཀྱི་མངོན་གསལ་དོད་ཤོས་དང་འཕྲལ་དུ་ཐག་གཅོད་བྱེད་དགོས་ངེས་ཀྱི་དཀའ་ངལ་དང་། གནད་དོན། དམངས་འཚོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས། སྣོད་བཅུད་བཟང་བའི་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་གྱི་སྲིད་དབང་དང་སྤྱི་ཚོགས་དོ་དམ་བྱེད་ནུས་བཅས་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཁྱབ་ཁོངས་གཙོ་བོ་ལྔར་དམིགས་ནས་ཁྱོན་འཛུགས་སྐྲུན་རྣམ་གྲངས་226བཀོད་སྒྲིག་བྱས་པ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཁྱབ་ཡོད། འཆར་འགོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་3305ཟིན་པའི་ནང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་མ་དངུལ་སྒོར་དུང་ཕྱུར་1931གཏོང་རྒྱུ་ཡིན་ཞིང་། དེའི་ནང་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་1384ཚུད་ཡོད། དེ་ནི་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་རྒྱུའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞི་ཞིབ་ཚགས་སུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་འཛུགས་སྐྲུན་རྣམ་གྲངས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས།
ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པར་ངེས་པར་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་སྐྲུན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རང་འགུལ་ངང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རང་ངོས་ཀྱི་གཏིང་ཤུགས་སྔར་བས་སྔོག་འདོན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་པ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་བློ་གཅིག་སེམས་གཅིག་དང་འབད་འབུངས་ཆེར་བསྐྱེད་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།