དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏཱ་ལས་ཨ་རི་སྲིད་གཞུང་གི་རྒྱུ་མཚན་གསེད་བཀྲོལ་ཇི་ལྟར་བྱས་ཏེ་གཞི་ཚུགས་ས་མེད་པ་བཟོས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡེ་རྡོར་གྱིས།   |     སྤེལ་དུས།  2015-05-09

        ཟླ་7ཚེས་16ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མ་ཡིས་ཀྲུང་གོ་སྲིད་གཞུང་གིས་ངོ་རྒོལ་ཤུགས་ཆེན་བྱས་པར་མ་བལྟོས་པར་ཙུང་ཐུང་གི་འགན་འཁུར་བའི་དུས་ཡུན་ནང་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་ཐུག་འཕྲད་ཐེངས་གཉིས་པ་དེ་བྱས་ཤིང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པས་དེའི་ཐད་རྒྱུ་མཚན་གསེད་བཀྲོལ་བྱེད་སྐབས་དྲངས་པའི་རྒྱུ་མཚན་ནི་དེ་སྔའི་ཨ་རིའི་ཙུང་ཐུང་གིས་ཏཱ་ལ་དང་ཐུག་འཕྲད་བྱེད་སྐབས་ཀྱི་རྒྱུ་མཚན་དང་ཁྱད་པར་མེད་པ་སྟེ། གཅིག་ནི་ཏཱ་ལ་ནི “རྒྱལ་སྤྱིས་ཁས་བླངས་པའི་ཆོས་ལུགས་དང་རིག་གནས་ཀྱི་གཙོ་འཛིན་གལ་ཆེན་ཞིག ”ཡིན་པ་དང་། གཉིས་ནི་ཐུག་འཕྲད་བྱས་པ་དེས་ཏཱ་ལ་དང་ཀྲུང་གོ་སྲིད་གཞུང་དབར་གླེང་མོལ་སླར་གསོ་བྱ་རྒྱུར་སྐུལ་འདེད་ཐུབ་པ། གསུམ་ནི་ཐུག་འཕྲད་བྱས་པའི་དབང་གིས་ཨ་རིས “བོད་རང་བཙན ”ལ་རྒྱབ་སྐྱོར་མི་བྱེད་པའི་སྲིད་ཇུས་ལ་འགྱུར་བ་ཡོང་མི་སྲིད་པ་བཅས་ཡིན། གལ་ཏེ་འབྱུང་འགྱུར་ཨ་རིའི་ཙུང་ཐུང་གིས་ཏཱ་ལར་སྔར་བཞིན་ཐུག་འཕྲད་བྱས་གྱུར་ན་རྒྱུ་མཚན་ནི་སྔར་བཞིན་གོང་གསལ་དེ་དག་ལས་མ་འདས་པ་སྔོན་དཔག་བྱེད་ཐུབ། འོན་ཀྱང་ཏཱ་ལ་རང་ཉིད་ཀྱིས་རྒྱུ་མཚན་དེ་དག་གི་གཞི་ཚུགས་ས་ཏག་ཏག་མེད་པར་བཟོས་ཡོད།

        ཏཱ་ལས་ཆབ་སྲིད་ལ་ཁ་ཡ་བྱེད་ཀྱི་མེད་པ་རེད་དམ།

        དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གཅིག་རྗེས་གཉིས་མཐུད་ངང་ཏཱ་ལར་ཐུག་འཕྲད་བྱས་པའི་རྒྱུ་མཚན་ནི “ཏཱ་ལ་ནི་ཆོས་ལུགས་ཀྱི་གཙོ་འཛིན ”ཡིན་པ་དེ་རེད། ད་ཆ་ཁོ་པ་ཚོས་ཏཱ་ལས་ཆབ་སྲིད་ཐད “རྒན་ཡོལ ”ཞུས་པ་དང “དབང་ཆ་རྩིས་སྤྲོད་བྱས་པ ”འུད་སྒྲོག་ཤུགས་ཆེན་བྱས་ནས་ཏཱ་ལ་དུས་དེ་ནས་བཟུང “ཆོས་ལུགས་དང་རིག་གནས་ཀྱི་གཙོ་འཛིན ”ལ་དངོས་འབྲེལ་གྱུར་ཡོད་ཅེས་ཤོད་སྐབས་དེ་ནི་རང་ཉིད་ལ་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་འཕྱ་སྨོད་བྱས་པ་ཞིག་ཡིན་པ་ཚོར་ཐུབ་མེད།

        ད་རེས་དེ་སྔ་དང་མི་འདྲ་ས་ནི་ཟླ་ལྔ་པར་ཕྱི་ཕྱོགས་ལ་ཆབ་སྲིད་ཀྱི་དབང་ཆ་དེ “ཡུལ་གྱར་སྲིད་གཞུང ”གི་གསར་དུ་བདམས་ཐོན་བྱུང་བའི་འགོ་པར་དངོས་སུ་རྩིས་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེ་རེད། ཨ་རིའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་10ཉིན་ཏཱ་ལས་ཝ་ཧྲིང་ཐོན་དུ་གཏམ་བཤད་སྤེལ་སྐབས་དེ་སྔ་རང་ཉིད་ཀྱིས་ཆབ་སྲིད་ལ་དགའ་པོ་བྱས་པར་ཡིད་སྐྱོ་བོའི་ངང་ད་དུང་འགྱོད་བཤགས་བྱས་པ་སྟེ། “འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ངས་གཞན་ལ་ཆོས་ལུགས་གཙོ་འཛིན་དང་ཆབ་སྲིད་ཀྱི་གཙོ་འཛིནལོགས་སུ་འབྱེད་དགོས་ཞེས་ཡང་ཡང་ཤོད་སྐབས་རང་ཉིད་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པ་མ་ཟད་ད་དུང་ཆབ་སྲིད་ཀྱི་གཙོ་འཛིན་ཞིག་ཡིན། ངའི་བྱེད་སྟངས་དེ་རིགས་ནི་ཁ་ཞེ་མི་མཐུན་པ་དང་བཅོས་མའི་བྱེད་སྟངས་ཤིག་རེད ”ཅེས་བཤད་པ་མ་ཟད་ཏཱ་ལས་ད་དུང “ཚེ་དེར་ཆབ་སྲིད་ལ་ཐེ་ཇུས་གཏན་ནས་མི་བྱེད་པར་སྟོན་པའི་རྗེས་སུ་འབྲངས་ཀྱི་ཡིན ”ཞེས་མནའ་སྐྱེལ་དམ་བཅའ་བཞག་ཡོད།

        བྱ་བ་དངོས་ནི་སྟབས་བདེ་པོ་དེ་འདྲ་མེད་ཅིང་། “ཁ་ཞེ་མི་མཐུན་པ་དང་བཅོས་མ ”སྟེ་རྟག་ཏུ་རྫུན་གཏམ་ཤོད་མཁན་དེའི་ཁོ་པའི་ད་ལྟའི “གཞུང་དྲང་མདོག ”དེར་མི་རྣམས་ཀྱིས་དོགས་པ་བྱེད་པར་རྒྱུ་མཚན་ཡོད། དེ་འདྲ་རང་རེད། ཟླ་3ཚེས་11ཉིན་ཏཱ་ལས་ཁོ་པའི “གྲོས་ཚོགས ”ལ་སྤྲིངས་པའི་ཡི་གེའི་ནང་སྒྲིག་གཞི་གསར་པར “དཀའ་ངལ་འཕྲད་ཚེ་ངས་ད་དུང་གཞོགས་འདེགས་ཀྱིས་ཐག་གཅོད་བྱེད་ཆོག ”དང “ངས་ཆོས་སྲིད་ཀྱི་སྤྱི་དམངས་བྱ་བ་ནམ་ཡང་དོར་གྱི་མིན་ལ་བོད་ཀྱི་དྲང་བདེན་བྱ་གཞག་ནང་མུ་མཐུད་ཞུགས་ངེས་ཡིན ”ཞེས་གསལ་བཤད་བྱས་ཡོད། ཟླ་7ཚེས་12ཉིན་ཨ་རིར་བཅའ་འདྲི་དང་ལེན་བྱེད་སྐབས “གལ་ཏེ་འགོ་ཁྲིད་གསར་པར་ངའི་རོགས་རམ་མཁོ་ཚེ་ངས་གང་གི་དུས་སུའང་རོགས་རམ་བྱེད་ཆོག ”ཅེས་སླར་ཡང་བཤད་ཡོད། གནད་འགག་ནི་ཏཱ་ལའི་རུ་ཚོགས་ཁྲོད “ཏཱ་ལའི་རོགས་རམ་མི་དགོས ”ཞེས་ཤོད་ཕོད་མཁན་མེད་པར་ཐུག་ཡོད། ཏཱ་ལའི་ལག་འོག་གིས་ཏཱ་ལའི་ཆབ་སྲིད་ཀྱི་དགའ་སྣང་གསལ་པོ་ཤེས་ནས་མཉམ་དུ་སྐད་ཅོར་རྒྱག་གི་ཡོད། ཁོ་པའི “བཀའ་བློན་ཁྲི་པས ”རྒྱ་གར་གྱི་སྨྱན་སྦྱོར་ཚན་པར “ཏཱ་ལའི་བླ་མ་ང་ཚོའི་འཐབ་རྩོད་ནས་ཁ་འབྲལ་མི་སྲིད ”ཅེས་བཤད་པ་དང་། “གྲོས་མི ”ཞིག་གིས “ཏཱ་ལའི་བླ་མ་འཚོ་བཞུགས་སྐབས་ཁོང་གིས་བཀའ་གཏོང་རྒྱུ་ཡིན་པ་དེ་ནི་སྨོས་མེད་རེད ”ཅེས་བཤད་ཡོད། ཨ་རིར་བཅའ་སྡོད་ཏཱ་ལའི “ཆེད་མངགས་སྐུ་ཚབ ”ཀྱིས “ཏཱ་ལའི་བླ་མ་རྒན་ཡོལ་ཞུས་རྗེས་ཀྱི་འགོ་ཁྲིད་ནུས་པ་དེ་བོད་མི་དམངས་ཀྱི་ངོས་ནས་བརྗོད་ན་འགྱུར་ལྡོག་ཡོང་མི་སྲིད ”ཅེས་སྔར་བས་གསལ་པོར་བཤད་ཡོད། རྒྱ་གར་ཕྱི་འབྲེལ་པུའི་དཔོན་རིགས་ཤིག་གིས་སྨྱན་སྦྱོར་ཚན་པར་གནད་ལ་འཁེལ་བའི་སྒོ་ནས “ཡུལ་གྱར་སྲིད་གཞུང་ལ་ཕྱི་ཚུལ་ནས་བལྟས་ན་འགྱུར་ལྡོག་བྱུང་ཡོད་རུང་ཏཱ་ལའི་བླ་མ་ནི་སྔར་བཞིན་དབང་ཆའི་སྲོག་ཤིང་རེད ”ཅེས་བརྗོད་ཡོད། གསར་དུ་བདམས་ཐོན་བྱུང་བའི “བཀའ་བློན་ཁྲི་པ ”དེའི་སེམས་ནང་ཏཱ་ལས “དབང་ཆ་དང་བྱ་གཞག་བརྟན་པོའི་ངང་ན་གཞོན་མི་རབས་གསར་པར་སྤྲད ”དེ “སྲིད་འཛིན་ལས་ཁུངས་ཀྱི་ཆབ་སྲིད་གཙོ་འཛིན་ཡིན་པའི་ངོས་ནས་ཁོ་པ་རང་ཉིད་ཀྱིས་ད་ཆ་ནས་བཟུང་བཅའ་ཁྲིམས་ལ་མིང་རྟགས་འགོད་པ་དང་། འཐུས་མི་དང་ཆེད་མངགས་འཐུས་མི་བསྐོ་གཞག་བྱེད་པ། སྲིད་ཇུས་གལ་ཆེན་ལག་བསྟར་བྱེད་པ ”བཅས་བྱ་རྒྱུའི་རེ་བ་རྩེ་གཅིག་ཏུ་བྱེད་པ་ནི་བཀའ་བློན་ཁྲི་པ་ལོ་ན་ཆུང་བའི་དབང་གིས་འཇིག་རྟེན་གྱི་བྱ་བར་རྒྱུས་མ་ལོན་པའི་མངོན་རྟགས་རེད།

        ང་ཚོས་ཏཱ་ལས “རྒན་ཡོལ ”ཞུས་རྗེས་གང་ཞིག་བྱེད་མིན་ལ་སླར་ཡང་བལྟ་རྒྱུ་ཡིན། ཟླ་6པའི་ཟླ་འགོར “རྒན་ཡོལ ”ཞུས་ནས་གཟའ་འཁོར་གཅིག་ལས་མ་ཕྱིན་པའི་ཏཱ་ལས་ངང་སྒུག་བྱེད་ལོང་མེད་པར་རེས་འཁོར་གསར་པའི་འཁྱམ་མྱུལ་བྱེད་སྒོ་བརྩམས་པ་སྟེ་སྔོན་ལ་ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡར་འཁྱམ་མྱུལ་བྱས་པ་དང་དེ་རྗེས་ཨ་རི་དང་ཁ་ན་ཏར་འཁྱམ་མྱུལ་བྱས་ཤིང་། ས་ཆ་གང་ཞིག་ཏུ་འབྱོར་ཚེ་ཐབས་བརྒྱ་ཇུས་སྟོང་ངང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ཐུག་འཕྲད་བྱེད་པ་དང་། གཏམ་བཤད་སྤེལ་བ། སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱེད་པ་བཅས་བྱེད་ཐུབ་རེ་བྱས་ཏེ་ཆབ་སྲིད་ཀྱི་ལས་ལ་གཞོལ་རྒྱུ་དེ་དེ་སྔ་ལས་ལྷག་པ་ལས་ཞན་པ་མེད། ཁོ་པས་དགའ་ཤོས་བྱེད་པའི་བརྗོད་གཞི་ནི་སྔར་བཞིན་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་ལ་ཚིག་མཚོན་འདེབས་རྒྱུ་དེ་རེད། ཟླ་6ཚེས་10ཉིན་ཏཱ་ལས་མོའར་པེན་གྱི་འདུ་ཚོགས་ཤིག་གི་ཐོག “ཀྲུང་གོའི་དྲག་གནོན་ཡུན་རིང་གནས་ཐུབ་ཀྱི་མ་རེད ”“ཀྲུང་གོར་མཐར་འགྱུར་ལྡོག་ཡོང་གི་རེད། དབང་སྡེམ་ལམ་སྲོལ་ནས་དོན་ཡོང་བའི་ང་ཚོ་ཉམ་ཐག་ཡུལ་གྱར་བར་སྤྲོ་སྣང་བྱེད་པའི་རྒྱུ་མཚན་གང་ལེགས་ཡོད ”ཅེས་ངན་སྐུལ་བྱས་པ་དང་། ཟླ་6ཚེས་12ཉིན་ཏཱ་ལས་མོའར་པེན་དུ་ཕྱི་རྒྱལ་དུ་ཡོད་པའི་ཟིང་སློང་བ་དང་ཐུག་འཕྲད་བྱེད་སྐབས “ཀྲུང་གུང་གིས་སྲིད་འཛིན་ལོ་60བྱས་རྗེས་སྲིད་སྟེགས་ནས་འབབ་རན་ཡོད ”ཅེས་གང་བྱུང་དུ་བཤད་པ། ཟླ་7ཚེས་10ཉིན་ཏཱ་ལས་ཝ་ཧྲིང་ཐོན་དུ་བགྲོ་གླེང་འདུ་ཚོགས་ཤིག་གི་ཐོག་སླར་ཡང “ཀྲུང་གོ་གུང་ཁྲན་ཏང་གི་ལོ་ན་མཐོ་པོ་ཡིན་པས་ག་ལེར་རྒན་ཡོལ་ཞུས་ཚེ་ཐབས་ཤེས་ཡག་ཤོས་ཡིན་སྲིད ”ཅེས་བརྒྱ་བཤད་སྟོང་བཤད་བྱས་ཡོད།

        དེས་མ་ཚད་ཏཱ་ལས་ད་དུང་ཨ་རི་སྲིད་གཞུང་གི “ཆབ་སྲིད་ཀྱི་དགེ་རྒན ”བྱེད་འདོད་བྱེད་ཀྱི་ཡོད། ཨ་རིའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན་ཙུང་ཐུང་ཨའོ་པ་མ་དང་ཐུག་འཕྲད་བྱས་རྗེས་ཏཱ་ལར་ཕན་པ་ཐོབ་པའི་ཁར་ད་དུང་མཁས་རློམ་གྱིས་ཙུང་ཐུང་ལ་ཉེ་ཆར་དཀའ་ངལ་འདྲ་འཕྲད་ཡོད་པས་ང་གྲོགས་པོ་ཪྙིང་པ་ཞིག་ཡིན་པའི་ངོས་ནས་ཁོང་ལ་སེམས་གསོ་བྱེད་པའི་འགན་འཁྲི་ཡོད་ཅེས་བཤད་ཡོད། གཞན་ཡང “ཨ་རིའི་ཏང་གཉིས་དབར་ཁེ་ཕན་མི་འདྲ་བ་ཡོད་པ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་རེད། འོན་ཀྱང་རྒྱལ་ཁབ་ལ་ཉམས་ཉེན་འཕྲད་པའི་དུས་སུ་ཏང་ཤོག་དེ་དག་དབར་གྱི་མི་མཐུན་ས་ནི་གལ་ཆུང་ཞིག་རེད། དཔལ་འབྱོར་གྱི་གནད་དོན་ནི་ཏང་ཤོག་དབར་གྱི་ཁེ་ཕན་མིན་པར་རྒྱལ་ཁབ་ཧྲིལ་པོའི་ཁེ་ཕན་རེད་ཟེར་བ་ལ་སོགས་པ ”བརྒྱ་བཤད་སྟོང་བཤད་བྱས་ཏེ་ཨ་རིའི་སྐྱབས་མགོན་ཡིན་པ་ལྟར་གྱི་རྣམ་འགྱུར་བསྟན་ཡོད། ཨ་རི་བས་ཐག་རིང་ནས་ཡོང་བའི་བླ་མ་བགྲེས་སོང་དེས་ཉིན་བཅུ་ལྷག་ཙམ་རིང་ཆབ་སྲིད་ཀྱི་བསླབ་བྱ་མ་ཎི་བགྲང་བགྲང་བཤད་པ་དེ་ཉན་སྐབས་ཆབ་སྲིད་མི་སྣ་ཞིག་མ་རེད་ཅེས་བརྗོད་ཐུབ་བམ།

        ཏཱ་ལས་ཀྲུང་གོ་དང་ངོ་འཕྲད་གྲོས་མོལ་དངོས་འབྲེལ་བྱེད་འདོད་བྱེད་དམ།

        ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད་ཏཱ་ལ་མི་སྒེར་གྱི་མདུན་ལམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་ཀྲུང་གོ་སྲིད་གཞུང་གིས་ཏཱ་ལར་འཛིན་པའི་གུ་ཡངས་སྲིད་ཇུས་ཀྱི་མཚོན་ཚུལ་ཞིག་ཡིན། ངོ་འཕྲད་གྲོས་མོལ་ཐད་ཀྱི་ཀྲུང་དབྱང་གི་རྩ་དོན་ནི་ཧ་ཅང་ཁ་གསལ་ཡིན་པ་སྟེ། དང་པོ། ངོ་འཕྲད་གྲོས་མོལ་བྱ་ཡུལ་ནི་ཏཱ་ལ་མི་སྒེར་གྱི་འཐུས་མི་ཡིན་པ་ལས “ཡུལ་གྱར་སྲིད་གཞུང ”ཟེར་བ་མིན་པ་དང་། “ཡུལ་གྱར་སྲིད་གཞུང ”ཟེར་བ་ནི་1959ལོའི་ངོ་ལོག་ཟིང་འཁྲུག་སྟོབས་ཤུགས་ཀྱི་རྒྱུན་བསྲིང་པ་ཞིག་ཡིན་པས་ཁྲིམས་མཐུན་རང་བཞིན་གང་ཡང་ལྡན་མེད་པ་དང་། གཉིས་པ། ངོ་འཕྲད་གྲོས་མོལ་བྱ་རྒྱུ་དེ་ཏཱ་ལས “བོད་རང་བཙན ”གྱི་ལངས་ཕྱོགས་དོར་ནས་ཁ་ཕྲལ་གྱི་བྱེད་སྤྱོད་མཚམས་འཇོག་བྱས་རྗེས་ཁོ་པ་མི་སྒེར་གྱི་མདུན་ལམ་གྱི་གནད་དོན་ཇི་ལྟར་བྱས་ཏེ་ཐག་གཅོད་བྱ་རྒྱུ་གྲོས་མོལ་བྱ་རྒྱུ་ལས “བོད་ཀྱི་གནད་དོན ”ཟེར་བ་གྲོས་མོལ་བྱ་རྒྱུ་དེ་མིན་ལ “བོད་ཀྱི་གནད་དོན ”ཟེར་བ་གཏན་ནས་གནས་མེད། ངོ་འཕྲད་གྲོས་མོལ་བྱ་རྒྱུ་དེ་ནི་ཀྲུང་གོའི་ནང་སྲིད་རང་ཡིན་པས་ཀྲུང་གོས་ཕྱི་རྒྱལ་སྟོབས་ཤུགས་སུ་འདྲ་ཞིག་གིས་ཁ་གཡར་ས་གང་ཞིག་ལ་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་དེ་རེད། རྩ་དོན་གྱི་བླང་བྱ་དེ་དག་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་འཕྲད་གྲོས་མོལ་བྱེད་པའི་ནང་ཏཱ་ལ་མི་སྒེར་གྱི་འཐུས་མིར་ཧ་ཅང་གསལ་པོ་བཤད་ཡོད་པ་དང་། དེ་ནི་དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་འགྱུར་ལྡོག་ཡོང་མི་སྲིད།

        འོན་ཀྱང་ཏཱ་ལའི་རུ་ཚོགས་ཀྱིས་ཨ་རི་སྲིད་གཞུང་གི་རྒྱབ་རྩ་ཡོད་སྙམ་ནས་རྩ་དོན་གཉིས་ཐད་མངོན་སུམ་འཛེམས་མེད་ངང་འཁྲུག་རྐྱེན་བསླངས་ཡོད། ཟླ་7ཚེས་12ཉིན་ཏཱ་ལས་ཨ་རིའི་སྨྱན་སྦྱོར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱས་ནས་ངོ་འཕྲད་གྲོས་མོལ་གྱི་གནད་དོན་སྐོར་གླེང་སྐབས་རང་ཉིད “མི་ཞུགས་པ་གཏན་འཁེལ་ཡིན་ལ་དེའི་ཐད་འགན་གཏན་ནས་འཁུར་གྱི་མིན ”ཞེས་འཛེམས་བག་མེད་པར་བཤད་ཡོད་ལ་འོན་ཀྱང “ཡུལ་གྱར་སྲིད་གཞུང ”གི་འགོ་པ་གསར་པས “གལ་སྲིད་པེ་ཅིང་གིས་ཏཱ་ལའི་བླ་མའི་དམིགས་བསལ་ཕོ་ཉ་ཁོ་ན་དང་གྲོས་མོལ་བྱེད་འདོད་ཡོད་ན་ངས་དམིགས་བསལ་ཕོ་ཉ་དེ་དག་པེ་ཅིང་དུ་མངགས་ན་འགྲིག ”ཅེས་གཅིག་རམ་གཅིག་འདེགས་བྱས་ཏེ་བཤད་ནས་ཏཱ་ལའི་ཚབ་བྱས་ཏེ་ཀྲུང་དབྱང་དང་ངོ་འཕྲད་གྲོས་མོལ་བྱེད་པའི་དོན་དག་རྩིས་བླངས་པའི་ཉམས་བསྟན། ངོ་འཕྲད་གྲོས་མོལ་གྱི་གྲོས་གཞིའི་སྐོར་གླེང་སྐབས་ཏཱ་ལས་བགྲོ་གླེང་འདུ་ཚོགས་དེ་རང་གི་ཐོག “བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་མིན་པར་དེ་ནི་བོད་མི་ཁྲི་དྲུག་བརྒྱ་ཡི་བདེ་སྐྱིད་དང་། ཁེ་ཕན། རང་དབང་བཅས་འབྲེལ་བ་ཡོད་པས་གལ་ཏེ་ཀྲུང་གོ་ཕྱོགས་ཀྱིས་བོད་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་ཐབས་བྲལ་ཚེ་ཏཱ་ལའི་བླ་མ་མི་སྒེར་གྱི་ཕྱིར་ལོག་གི་གནད་དོན་གླེང་བའི་དགོས་པ་མེད། ང་མི་སྒེར་གྱི་མདུན་ལམ་གྱི་གནད་དོན་ཐད་ངས་ཀྲུང་གུང་ཀྲུང་དབྱང་ལ་རེ་བ་ཚིག་གཅིག་ཀྱང་ཞུ་མྱོང་མེད་ལ་སླད་ཕྱིན་དེའི་ཐད་ལ་ཡང་རེ་བ་གང་ཡང་འདོན་དགོས་དོན་མེད ”ཅེས་བསྐྱར་དུ་བཤད་ཡོད། “ཡུལ་གྱར་སྲིད་གཞུང ”གི་འགོ་པ་གསར་པས་ཁོ་པ་དང་ཀྲུང་དབྱང་དབར “བོད་མི་ཡོངས་ཀྱི་ཚད་མཐོའི་རང་སྐྱོང་གི་དྲན་ཐོར ”“གྲོས་མོལ ”བྱེད་ཀྱི་ཡིན་ཞེས་ཐེངས་མང་བཤད་ཡོད། “བོད་རང་བཙན ”དམིགས་ཡུལ་དུ་བྱས་པའི “དྲན་ཐོ ”དེ་ཁོ་པས་བཏོན་མ་ཐག་ཀྲུང་དབྱང་སྲིད་གཞུང་གི་ངོ་འཕྲད་གྲོས་མོལ་བྱེད་མཁན་འཐུས་མིས་ཐད་ཀར་རྦད་དེ་ཁས་བླངས་མེད། ཏཱ་ལ་སོགས་ཀྱི་འཁྲབ་སྟོན་དེའི་ཐོག་ནས་ཁོ་པ་ཚོའི་ལངས་ཕྱོགས་དེ་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་རྦད་དེ་ཐད་ཀར་ཁ་གཏད་དུ་ལངས་པ་ཞིག་ཡིན་པ་སྟེ་ངོ་འཕྲད་གྲོས་མོལ་བྱེད་པའི་ལྷག་བསམ་མེད་ལ་ངོ་འཕྲད་གྲོས་མོལ་བྱེད་འདོད་ཀྱང་མེད་པས་དོན་དངོས་ཐོག་ངོ་འཕྲད་གྲོས་མོལ་གྱི་ལམ་བུ་བཀག་པ་གསལ་པོར་མངོན་ཡོད། གལ་ཏེ་འབྱུང་འགྱུར་ངོ་འཕྲད་གྲོས་མོལ་ད་དུང་མུ་མཐུད་བྱེད་ཐུབ་ཚེ་གནས་ཚུལ་རིགས་གཅིག་ཡོང་སྲིད་པ་སྟེ་ཏཱ་ལས་ཀྲུང་དབྱང་གི་རྩ་དོན་གྱི་བླང་བྱར་བརྟེན་དགོས་པ་ལས་ཀྲུང་དབྱང་གིས་ཕྱིར་བཤོལ་གཏན་ནས་བྱེད་མི་སྲིད་པ་དེ་ཡིན་པ་ཁ་ཚོན་བཅད་ནས་ཤོད་ཆོག

        ཨ་རིའི་ཙུང་ཐུང་གིས་ཁ་ཕྲལ་རིང་ལུགས་ཀྱི་རུ་ཚོགས་ཀྱི་འགོ་གཙོ་ཡིན་པའི་ཏཱ་ལ་དང་ཐུག་འཕྲད་བྱས་པ་དེ་ཨ་རིས “བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན ”ཞེས་པའི་གསལ་བསྒྲགས་སྤེལ་བའི་ལངས་ཕྱོགས་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་ཡིན་པ་མ་ཟད། ཏཱ་ལའི་དོན་དངོས་དང་མི་མཐུན་པའི་སྟོང་བསམ་ལ་གཞོགས་འདེགས་བྱས་པ་དང་ཁོ་པས་ངོ་འཕྲད་གྲོས་མོལ་བྱ་རྒྱུར་འགོག་རྐྱེན་གསར་པ་བཟོ་རྒྱུ་རྒྱ་ཡན་དུ་བཏང་བ་ཞིག་རེད། དོན་དངོས་ཐོག་ཨ་རིའི “རོགས་རམ ”གྱིས་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་ཏཱ་ལ་ཕ་ཡུལ་དུ་ལོག་པའི་ལམ་དེ་བས་རིང་དུ་ཕྱིན་ཡོད།

        ཏཱ་ལས “བོད་རང་བཙན ”བློས་གཏོང་བྱས་ཡོད་དམ།

        ཏཱ་ལས་ད་རེས་ཨ་རིར་འཁྱམ་མྱུལ་བྱས་ནས “བཀའ་བློན་ཁྲི་པ ”གསར་ཪྙིང་དང་། གྲོས་ཚོགས་རྫུས་མའི་གྲོས་དཔོན། “བོད་གཞོན་ནུ་ཚོགས་པའི ”འགོ་པ་སོགས་ཚང་མ་འཁྲིད་ནས་ས་ཆ་གང་དུ་སླེབས་ཀྱང “བཀའ་བློན་ཁྲི་པ ”གསར་པའི་ལག་ནས་འཇུས་ཏེ་ཁོ་པའི “གྲོགས་པོ་ཪྙིང་པ ”དེ་དག་ཚང་མ་དང་འབྲེལ་བ་བྱེད་དུ་བཅུག་པ་མ་ཟད “ཆབ་སྲིད་ཀྱི་འགན་འཁྲི ‘བཀའ་བློན་ཁྲི་པ ’གསར་པས་འགན་ཆ་ཚང་འཁུར་གྱི་རེད ”ཅེས་གསལ་བཤད་ཡང་ཡང་བྱས་ཏེ་གཞན་ལ་མངགས་བཅོལ་བྱེད་པའི་རྣམ་པ་ཟབ་མོ་ལྡན།

        “བཀའ་བློན་ཁྲི་པ ”གསར་པར་ཡང་སྙིང་ཏཱ་ལས་ཡིད་ཆེས་བྱེད་རིན་གང་ཞིག་ཡོད་དམ། ཟླ་7ཚེས་10ཉིན་བགྲོ་གླེང་འདུ་ཚོགས་ཤིག་གི་ཐོག་ཨ་རིར་བཅའ་ཁྲིམས་སློབ་སྦྱོང་བྱས་པ་དང་ཨ་རིའི་རྒྱབ་སྐྱོར་ལ་བརྟེན་ནས་གོ་གནས་རག་པའི “ཡུལ་གྱར་སྲིད་གཞུང ”གི་འགོ་པ་གསར་པས་དང་ཐོག་ཁོ་པའི་བཅའ་ཁྲིམས་ཀྱི་དམིགས་བསལ་གྱི་ཡོན་ཏན་སྤྱད་དེ “བོད་རང་བཙན ”ལ “ལོ་རྒྱུས་ཀྱི་གཞི་འཛིན་ས ”རྫུན་བཟོ་བྱས་ནས “ལོ་རྒྱུས་ཐོག་བོད་ནི་དངོས་འབྲེལ་རང་བཙན་རྒྱལ་ཁབ་ཅིག་ཡིན། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་1961ལོའི་གྲོས་ཆོད་ལ་གཞིགས་ན། བོད་ལ་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་ལྡན་ཡོད ”ཅེས་དང་། “བོད་རང་བཙན ”ལ “དངོས་ཡོད་ཀྱི་གཞི་འཛིན་ས ”འཚོལ་ཆེད “ཐེངས་འདིའི་འདེམས་བསྐོའི་ཁྲོད་ངའི་ཆབ་སྲིད་ཀྱི་ལྟ་བ་ནི་དབུ་མའི་ལམ་ཡིན། གལ་ཏེ་འབྱུང་འགྱུར་མི་དམངས་ཀྱིས་ཁོང་ཚོའི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་བའམ་ཡང་ན་ཁོང་ཚོས་མི་གཞན་ལ་འདེམས་ཤོག་འཕངས་པ་དང་མི་དེས་དབུ་མའི་ལམ་ཕུད་པའི་སྲིད་ཇུས་ལག་བསྟར་བྱེད་འདོད་ཡོད་ཚེ་སྐབས་དེ་དུས་ང་ཚོས་ཇི་ལྟར་བྱེད་དགོས་མིན་བསྐྱར་དུ་ཐག་གཅོད་བྱེད་ཀྱི་ཡིན ”ཞེས་བཤད་ཡོད། དེ་ཡང་གསལ་པོར་བཤད་ན། “དབུ་མའི་ལམ ”ནི་སྐབས་བསྟུན་སྲིད་ཇུས་ཙམ་ཞིག་ཡིན་པ་དང་དུས་བབ་ལ་འགྱུར་ལྡོག་བྱུང་ཚེ་ག་དུས་ཡིན་ནའང “མི་དམངས ”ཀྱི་མིང་ཐོག་ནས་མངོན་གསལ་ངང “བོད་རང་བཙན ”བྱེད་ཆོག་པ་དེ་རེད། འགོ་པ་གསར་པ་དེའི་བསམ་ཚུལ་དངོས་དེ་ཁོ་པས་ཟླ་6ཚེས་9ཉིན་རྒྱ་གར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པའི་སྐད་ཆའི་ཐོག་ནས་གསལ་ཤོས་མཚོན་ཐུབ་པ་སྟེ། “‘བོད་རང་བཙན ’དང ‘བོད་རང་སྐྱོང ’གི་ལྟ་བ་དེ་འགལ་ཟླ་མེད་ཅིང་། རྩོད་སྒྲུབ་ཀྱི་ཟུར་ཚད་ཐོག་ནས་བལྟས་ཚེ ‘བོད་རང་བཙན ’ནི་རྩ་དོན་གྱི་དམིགས་ཡུལ་དང ‘བོད་རང་སྐྱོང ’ནི་དངོས་ཡོད་ཀྱི་དམིགས་ཡུལ་ཡིན ”ཟེར་བ་དེ་ཡིན། དེ་ཐོག་ནས “བོད་གཞོན་ནུ་ཚོགས་པ ”ནས་ཡིན་པའི་འགོ་པ་གསར་པ་དེའི “བོད་རང་བཙན ”གྱི་གདོང་རིས་དམར་རྗེན་དུ་མངོན་ཡོད། དེ་ནི་ཏག་ཏག་ཏཱ་ལའི་བློ་ལ་བབ་ས་ཞིག་རེད།

        ཏཱ་ལས “བོད་རང་བཙན ”བྱེད་པའི་ངན་སེམས་དངོས་ཐད་ཨ་རི་སྲིད་གཞུང་གིས་མ་ཤེས་པ་ག་ལ་ཡོད། ཙུང་ཐུང་གིས་ཏཱ་ལ་ཐུག་འཕྲད་བྱ་ཆེད་བཤད་པའི་གནས་ལུགས་རྒྱུ་མཚན་སྣ་ཚོགས་ཀྱི་ཁུངས་མེད་གཏམ་འཆལ་ཐད་ཨ་རིའི་སྲིད་གཞུང་གིས་གསལ་པོ་མ་ཤེས་པའི་ཆ་ག་ལ་ཡོད། འོན་ཀྱང་གནད་དོན་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དེ་སྔའི་སྤྱིའི་ཚབ་བྱེད་པ་དེར་བརྟེན་ནས་ཀྲུང་གོར་ཪྙོག་དྲ་བཟོ་བ་དང་ཐ་ན་ཀྲུང་གོ་ཁ་ཕྲལ་དུ་གཏོང་རྒྱུ་དེ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་ཚུན་གྱི་ཨ་རིའི་སྲིད་འཛིན་ལས་རིགས་ཀྱི་བསམ་པའི་རླབས་རྒྱུན་ཞིག་དང་སྲིད་ཇུས་ཀྱི་ཕྱོགས་ལྷུང་ཞིག་ཡིན་པ་དེར་ཐུག་ཡོད། དེས་རྐྱེན་པས་ཏཱ་ལའི་དེ་སྔ་དང་ད་ལྟ་ཚང་མ་ཐབས་སྡུག་པོ་ག་ཚོད་ཡོད་པ་དང་ཏཱ་ལའི་བྱེད་ལུགས་བྱེད་སྟངས་ཚང་མ “བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན ”ཞེས་པའི་ཨ་རི་སྲིད་གཞུང་གི་གསལ་བསྒྲགས་དང་འགལ་ཟླ་ག་ཚོད་ཡོད་རུང་ཨ་རིར་ཁ་སྐྱེངས་པོ་ཡོད་པའི་ཚོར་སྣང་ཡོང་མི་སྲིད། འོན་ཀྱང་ལོ་དྲུག་ཅུ་ལྷག་ཙམ་གྱི་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་ལོ་རྒྱུས་ལམ་བུའི་ཐོག་ནས་ཨ་རི་སྲིད་གཞུང་གི་ཆབ་སྲིད་ཀྱི་ཕྱོགས་ལྷུང་དེ་རིགས་ལམ་ལྷོངས་བྱུང་མྱོང་མེད་པ་དང་དེས་ཀྲུང་གོའི་འཕེལ་རྒྱས་དང་གཅིག་གྱུར་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་གཏོང་མི་ཐུབ་པ་མ་ཟད། ཀྲུང་གོའི་དམངས་ཚོགས་ཁྲོད་ཀྱི་ཨ་རིའི་གཟུགས་བཪྙན་ལ་གནོད་འཚེ་ཚབས་ཆེན་གཏོང་བ་ཚུད་པའི་ཀྲུང་ཨའི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་གསལ་པོར་མངོན་ཡོད། ཨ་རིས་ཐོན་ཁུངས་གྲངས་ལས་འདས་པ (གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་ཨ་རིར་ཏཱ་ལས “སྨོན་ལམ་ཆེན་པོ ”འཚོགས་ནས་ཉིན་རེར་མི་རེའི་ས་ནས་ཨ་སྒོར་35ནས་473བར་བསྡུས་པ་དེ་ཁོ་ན་ལས་ཨ་སྒོར་ཁྲི་599རག་ཡོད )བཏང་བ་དང་ཏཱ་ལར་སྙིང་རྗེ་བྱས་པ་དེ་ནི་དངོས་འབྲེལ་ཆོ་མེད་ཀྱི་ཉོ་ཚོང་ཞིག་རེད། ཨ་རི་སྲིད་གཞུང་གི་ངོས་ནས་བརྗོད་ན་དུས་བབ་གསལ་རྟོགས་བྱས་ཏེ་ཏཱ་ལ་དང་རྒྱལ་ཁབ་དེ་རང་གི་སྲིད་ཚོང་པ་ཉུང་ཤས་ཀྱི་ཚོད་འཛིན་ཕོག་པར་བློ་ཐག་ཆོད་པོས་འགྱུར་ལྡོག་གཏོང་དགོས་པའི་དུས་ལ་བབས་ཡོད།

        (2011ལོའི་ཟླ་7ཚེས་25ཉིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།