དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་བརྗིད་ཆཌ་མཛེས་སྡུག་ལྡན་པའི་ལེའུ་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        རི་བོ་ཧི་མ་ཡས་གར་གྱི་སྟངས་སྟབས་ལ་བརྟེན་ནས་དོན་ཆེན་དེར་རྟེན་འབྲེལ་ཞུ་བ་དང་ཆུ་བོ་ཡར་ཀླུང་གཙང་པོས་དགའ་སྤྲོའི་གླུ་དབྱངས་བླངས་ནས་ཏང་གི་བཀའ་དྲིན་ལ་བསྟོད།

        རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པའི་གལ་ཆེའི་དུས་སྐབས་སུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ལྷ་སར་ཕེབས་འབྱོར་ཟིན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད། ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཆེད་མངགས་བོད་དུ་ཕེབས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་ལུགས་མཚོན་པར་གནང་ཡོད། སྐབས་འདིར་ང་ཚོས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ་རྒྱུ་མ་ཟད་ཆེས་བླ་ན་མ་མཆིས་པའི་གུས་འདུད་ཀྱང་ཞུ་རྒྱུ་དང་། རྒྱལ་ཡོངས་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ནང་འབད་འཐབ་དང་ཚེ་སྲོག་བློས་གཏོང་གནང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་རྒྱུ། འཐབ་ཕྱོགས་ཁག་གི་ཐོག་དཀའ་སྤྱད་ཀྱིས་ལས་ཀ་བྱེད་མཁན་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། ལས་བྱེད་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན།

        ལོ་60ཡི་གོང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པས་བོད་དུ་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་ལྷག་འཕྲོ་མཐར་སྐྲོད་དཔྱིས་ཕྱིན་པ་བཏང་ནས་མེས་རྒྱལ་གྱི་སྐམ་ས་རྦད་དེ་བཅིངས་འགྲོལ་ཐོབ་པ་དང་གཅིག་གྱུར་བྱུང་སྟེ་བོད་ཀྱི་སྤྱི་ཚོགས་ཡུན་རིང་འཕེལ་མེད་སོར་གནས་དང་རྗེས་ལུས་ཀྱི་རྣམ་པ་མེད་པ་བཟོས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་འོད་ཟེར་དང་རེ་བའི་ས་བོན་བཏབ་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་རྒྱུ། དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་གཞི་རྩའི་རྨང་གཞི་བཏིང་ཡོད། དེ་ནི་བོད་འདི་ཉིད་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པའི་རླངས་ཆེན་གྱི་ཁ་ཕྱོགས་་བསྒྱུར་མཚམས་ཤིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་གསར་སྐྱེས་བྱུང་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་ཞིག་ཀྱང་རེད། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་བཙུགས་པ་བཅས་བྱས་ཏེ་མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དཔྱིས་ཕྱིན་པ་མེད་པ་བཟོས་པས་སྡུག་བསྔལ་ཧ་ཅང་ཆེ་བའི་ཞིང་བྲན་ཁྲི་ཚོ་བརྒྱ་རང་ཁྱིམ་རང་བདག་བྱུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་བསྐྱོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་འགོ་བཙུགས་ཏེ་དུས་ཐུང་ལོ་60རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་དེ་ཏང་གི་ལོ་ངོ་90ཡི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།

        ལོ་60ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དུས་ཡུན་སྐད་ཅིག་ཙམ་ཡིན་མོད་བོད་ཀྱི་ངོས་ནས་བརྗོད་ན་དེ་ནི་འགྱུར་ལྡོག་ཆེན་པོ་དང་མི་ཡུལ་བརྗེ་བ་ལྟ་བུ་ཞིག་ཡིན། ལོ་60ཡི་འབད་བརྩོན་ལྷོད་མེད་བརྒྱུད་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་སྟེ། དཔལ་འབྱོར་འཕེལ་རྒྱས་མཆོང་སྐྱོད་བྱུང་ནས་2010ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་507ཟིན་པ་དེ་ནི་1951ལོ་དང་བསྡུར་ན་ལྡབ་111.8འཕར་བ་རེད། བདེ་སྡོད་ལས་གྲྭ་ཏན་ཏིག་ངང་སྤེལ་ནས་ཞིང་འབྲོག་པ་ཁྲི་140ལྷག་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པར་སྡོད་ཐུབ་པ་བྱུང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་འཕར་བ་དང་2010ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4138ལོན་པ་དེ་དམངས་གཙོའི་བཅོས་སྒྱུར་གྱི་ཐོག་མའི་དུས་ལས་ལྡབ་117འཕར་བ་རེད། ཆབ་སྲིད་ཤེས་དཔལ་ཐད་གནམ་འདེགས་ས་གཤགས་ལྟ་བུའི་འཕོ་འགྱུར་བྱུང་སྟེ་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་སྒོ་ཀུན་ནས་བཙུགས་པ་མ་ཟད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་རེད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་སོང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་དང་གོང་འཕེལ་བྱུང་ཡོད། སྤྱི་ཚོགས་བྱ་གཞག་ཡར་ཐོན་ཁྱོན་ཡོངས་ནས་བྱུང་སྟེ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་གཏོང་སྐབས་ཀྱི་ལོ་ན་35.5ནས་67བར་རིང་དུ་སོང་བ་དང་གཞོན་དར་ཡིག་རྨོངས་པ་95%ནས་1.2%བར་ཆག་པ་རེད། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ་དང་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་ཏེ་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་34.5%བཟུང་ཡོད། མི་རིགས་མཐུན་སྒྲིལ་ཉིན་བཞིན་སྲ་བརྟན་དུ་སོང་བ་དང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློ་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་ཡོད། སྤྱི་ཚོགས་དུས་བབ་མཐུན་སྦྱོར་བརྟན་ལྷིང་དང་། མི་རིགས་ཁག་གི་མི་དམངས་ཀྱིས་འབྱོར་ཕྱུག་ཡོང་རེ་དང་། འཕེལ་རྒྱས་དོན་གཉེར། བརྟན་ལྷིང་ཡོང་རེ། མཐུན་སྦྱོར་ལ་སྐུལ་གཏོང་བཅས་བྱས་པས “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན ”པ་དེ་ཐུན་མོང་གི་ངོས་འཛིན་གལ་ཆེན་དུ་གྱུར་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐུན་སྒྲིལ་ལ་ཤུགས་སྣོན། འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱ་རྒྱུ་དེ་ཐུན་མོང་གི་བྱ་སྤྱོད་དུ་གྱུར་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཡང་ནས་ཡང་དུ་ཕམ་པར་བྱས་ཏེ་བོད་ཀྱི་བརྟན་ལྷིང་དང་། མེས་རྒྱལ་གཅིག་གྱུར། རྒྱལ་ཁབ་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱས་ཤིང་། དར་ཞིང་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཡོད།

        ལོ་60ཡི་འཕོ་འགྱུར་ཆེན་པོར་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་་མི་རབས་གསུམ་གྱི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་གཅིག་ཏུ་བསྡུས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་གལ་ཆེའི་གནས་བབ་ཏུ་ཐོག་མཐའ་བར་གསུམ་དུ་བཞག་པ་དང་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཇུས་འགོད་བྱས་ནས་བོད་ཀྱི་ཡར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་བོད་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་བོད་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་པ་དང་ལག་བསྟར་བྱས་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་མི་རྒྱུ་དངུལ་གསུམ་དང་རིག་སྟོབས་ཀྱི་ཐོག་ནས་བོད་ལ་འཇུངས་པ་མེད་པའི་རོགས་སྐྱོར་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་ཡོད། ད་ཆའི་བོད་འདིར་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། དུས་བབ་བརྟན་ལྷིང་། མཐའ་སྲུང་སྲ་བརྟན། རིག་གནས་དར་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་ཡག་ཤོས་ཀྱི་དུས་སྐབས་སུ་གནས་བཞིན་ཡོད།

        ལོ་60རིང་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མུན་ནག་ནས་འོད་ཟེར་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་བསྐྱོད་པ། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་བསྐྱོད་པ། དབུལ་པོ་ནས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས་གཞོམ་ཞིག་མེད་པའི་རླབས་ཆེན་གྱི་བདེན་དོན་འདི་འདྲ་ཞིག་ཁྱབ་བསྒྲགས་གཏིང་ཟབ་བྱས་ཡོད་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོང་མི་སྲིད་ལ་བོད་ལྗོངས་གསར་པ་ཡང་ཡོང་མི་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་ལ་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་ངེས་ཡིན་པ་དེ་ཡིན།

        དུས་རབས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་སྐྱོད་པ་དང་ལོ་རྒྱུས་ཀྱིས་འོད་སྟོང་གསར་པ་མུ་མཐུད་གཏོད་ངེས་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་འཐབ་ལམ་གསར་པ་གཏོད་པ་དང་བོད་དང་རྒྱལ་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་དུང་བརྡ་གསར་པ་བསྒྲགས། 2020ལོར་སླེབས་སྐབས་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། རང་གིས་རང་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤྱི་ཚོགས་དེ་བས་མཐུན་སྦྱོར་བརྟན་ལྷིང་ཡོང་བ་བྱེད་པ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱ་རྒྱུ་དང་། 2050ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་100འཁོར་བའི་སྐབས་ང་ཚོ་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུ་རེད།

        བཙན་འགག་ལྕགས་ལྟར་སྲ་མོ་རེད་ཟེ་མ་སྨྲོས་ཤིག དེ་རིང་གོམ་སྟབས་ཆེན་པོས་ཡང་བསྐྱར་མགོ་ནས་སྐྱོད། བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དུང་བརྡ་གསར་པ་བསྒྲགས་ཟིན་ཞིང་། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྩ་ཆེའི་གོ་སྐབས་དམ་འཛིན་བྱེད་པ། རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་ཡག་པོ་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པའི་དམ་བཅའ་འཇོག་པ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་ཧུར་ཐག་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།