དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འོ་ཆུ་འདྲེས་པ་ལྟ་བུའི་མི་རིགས་མཐུན་སྒྲིལ་སྲ་ཞིང་བརྟན་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་ངོ་60ཡི་རིང་ཞི་བས་བཅིངས་འགྲོལ་བཏང་བ་ནས་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བཪྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་བར་གྱི་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་ཀྲུང་དབྱང་གིས་སྔ་རྗེས་སུ་མི་རིགས་ས་ཁོངས་རང་སྐྱོང་དང་། གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྦྱོང་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་བ་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་བཅས་ཀྱི་མི་རིགས་སྲིད་ཇུས་ཁག་བཟོས་ཡོད། སྲིད་ཇུས་དེ་དག་གི་རྩ་བའི་རྩ་དོན་ནི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

        ལོ་60ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་དང་ཐུན་མོང་ཐོག་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་མི་རིགས་ལས་དོན་གྱི་རྩ་བའི་ལས་འགན། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དམ་འཛིན་བྱེད་ཀྱི་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། བསམ་བློའི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི་བཅས་ཉིན་རེ་བཞིན་གཏིང་ཟབ་དང་བརྟན་དུ་སོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་གསར་པ་མངོན་ནས་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། སྐྱིད་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་བྱ་རྒྱུ་དེ་མི་རིགས་འབྲེལ་བའི་རྟ་དབྱངས་གཙོ་བོ་ཞིག་ཏུ་གྱུར་ཡོད།

        ལོ་60ཡི་རིང་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོ་དེར་བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཚོས་ལྷག་བསམ་དང་བརྩེ་སེམས་ཟབ་མོར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་བཟང་མང་པོ་བརྒྱུད་སྤེལ་བྱས་ཏེ་དྲོ་སྐྱིད་དང་མཐུན་སྦྱོར་ལྡན་པའི་མི་རིགས་ཁྱིམ་ཚང་ཆེ་མོ་ཞིག་ཐུན་མོང་ཐོག་བསྐྲུན་པ་རེད།

        ལོ་མང་རིང་རྒྱ་རིགས་ལས་བྱེད་པས་བོད་འདི་ཉིད་ཁོང་ཚོའི་ཕ་ཡུལ་གཉིས་པར་བརྩིས་ནས་བློ་གཅིག་སེམས་གཅིག་ངང་བོད་ཀྱི་འཛུགས་སྐྲུན་བྱ་གཞག་དང་མང་ཚོགས་ཀྱི་འཚོ་བར་བསམ་བློ་གཏོང་གི་ཡོད་ལ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་ཁོང་ཚོ་ནི་གཉེན་ཉེ་ལྟ་བུར་བརྩིས་ཏེ་གང་ཅིའི་ཐད་ནས་ཁོང་ཚོར་སེམས་ཁུར་དང་ཁོང་ཚོར་བསམ་ཤེས་བྱེད་ཀྱི་ཡོད། རྒྱ་རིགས་ལས་བྱེད་པ་གྲངས་ལས་འདས་པ་ཞིག་གིས་བོད་ཀྱི་འཛུགས་སྐྲུན་བྱ་གཞག་ཆེད་རང་ཉིད་ཀྱི་ལང་ཚོའི་ལོ་ཟླ་ལེགས་སྐྱེས་སུ་ཕུལ་བ་དང་ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་བློས་གཏོང་བྱས་ནས་ཁུང་ཕན་སེན་དང་། ཁྲེང་ཅིན་ཧྲུའེ། ལི་སུའུ་ཀྲི ཆི་ཨའེ་ཆུན་སོགས་ལྟ་བུའི་དཔའ་བོའི་དཔེ་བཟང་མི་སྣ་འབོར་ཆེན་ཐོན་ཡོད།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60ཡི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་མི་རིགས་མཐུན་སྒྲིལ་དང་མཐུན་སྦྱོར་ལྡན་པ་ཡིན་ཕྱིན་སྤྱི་ཚོགས་གཞི་ནས་བརྟན་ལྷིང་ཡོང་ཐུབ་པ་དང་དཔལ་འབྱོར་གཞི་ནས་འཕེལ་རྒྱས་འགྲོ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་ཕོག་ཕྱིན་སྤྱི་ཚོགས་ཟང་ཟིང་ཆགས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགོར་དུ་འགྲོ་ལ་ཐ་ན་འཕེལ་མེད་སོར་གནས་སུ་ལུས་སྲིད་པ་དེ་ང་ཚོར་གསལ་བཤད་བྱུང་ཡོད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ཡུལ་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་རེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་མི་རིགས་ཀྱི་འབྲེལ་བ་གཞི་ནས་འཆམ་མཐུན་མཐུན་སྦྱོར་དང་སྤྱི་ཚོགས་གཞི་ནས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོང་སྲིད་ལ་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་འགན་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཞི་ནས་ཞབས་འདེགས་ཡག་པོ་ཞུས་ཏེ་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་དུས་དེར་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། དེང་སྐབས་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་མཚོན་ཡོད་པས་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱེད་དགོས།

        ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་སྙིང་གཏམ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།