“རྒན་ཡོལ ”དང “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱེད་ཀྱི་ཡིན ”ཞེས་སྦིར་སྒྲ་ཆེན་པོ་སློང་བ་དང “ཆོས་ལུགས་ཀྱི་གཙོ་འཛིན ”ཁོ་ན་ལས་བྱེད་ཀྱི་མིན་ཞེས་ཤོད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཉེ་ཆར་སླར་ཡང་ཨ་རིར་ཕྱོགས་མྱུལ་བྱས་ཡོད། ད་རེས་ཁོ་པ་སྐྱོད་པའི་ཕྱིར་བསྒྲགས་ཀྱི་དམིགས་ཡུལ་ནི་ཕྱི་ཕྱོགས་སུ “དུས་འཁོར་དབང་ཆེན ”འཚོགས་ནས་འཛམ་གླིང་གི་ཞི་བདེར་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་བཤད་ཡོད། འོན་ཏེ་ཨ་རིར་སྡོད་རིང་ཁོ་པའི་གཏམ་བརྗོད་དེ “ཆོས་ལུགས་གཙོ་འཛིན ”གྱི་མིང་དང “འཛམ་གླིང་ཞི་བདེར་སྨོན་ལམ་འདེབས་པའི ”དམིགས་ཡུལ་དང་རྦད་དེ་ཕྱིན་ཅི་ལོག་ཡོད། ས་གནས་དེ་གའི་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་ཏཱ་ལས་གཟའ་སྤེན་པ་ཞིག་ལ་ཨ་རིའི་རྒྱལ་ཚོགས་ཁང་ཆེན་གྱི་ཉེ་འདབས་སུ་ཡོད་པའི “ཨ་རིའི་རྒྱལ་ཁབ་ཐང་ཆེན ”དུ་བསྐྱོད་ནས་དད་ལྡན་པ་དང་ཡ་མཚན་སྐྱེ་མཁན་ཁག་གཅིག་འཛོམས་པ་དེར “ནང་གི་དད་སེམས་དང་སྤྲོ་སེམས་ཆེ་རུ་གཏོང་དགོས་པའི ”གནས་ལུགས་ཆེན་པོ་ཁག་གཅིག་བཤད་པ་ཕུད། དེ་བྱིངས་ཀྱི་དུས་ཚོད་མང་ཆེ་བར་སྨྱན་སྦྱོར་ལ་ཆབ་སྲིད་ཀྱི་གནད་དོན་ཆེ་གླེང་རྒྱས་གླེང་བྱས་ཡོད། “རབ་དགའི་རོལ་རྩེད་དུས་ཆེན ”འདྲ་བའི་ཟང་ཟིང་ཆེ་བའི་འདུ་འཛོམས་ཐོག་ཏུའང་ཏཱ་ལས་གོ་སྐབས་དང་བསྟུན་ནས “ཆོས་འཆད ”སྐབས་སུ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ “ཀྲུང་གོས་བཙན་འཛུལ་བྱས་པ ”རེད་ཅེས་དམའ་འབེབས་བཏང་བ་དང་སྦྲགས་ཁོ་པས “ཀྲུང་གོར་གསར་བརྗེ་ལངས་རྒྱུ་ཡིན་པའི་ཡིད་ཆེས་ཡོད ”ཅེས་ཀྱང་བཤད་ཡོད།
དེའི་ནང་ཏཱ་ལས་ཨ་རིའི “ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ལས་ཁུངས ”ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་བསྔགས་བརྗོད་གང་ཐུབ་བྱས་པ་དང་ཁོ་པས་ད་དུང་སྐད་ཆ་ཁུངས་བཙན་གྱི་ཐོག་ནས “ཐ་ན་བྱིས་པའི་དུས་སུ (ཁོ་པས )ཨ་རི་ནི་རང་དབང་དང་དམངས་གཙོ་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་བརྩི་གི་ཡོད ”ཅེས་ཀྱང་བཤད།
གསལ་བཤད་བྱེད་དགོས་པ་ཞིག་ནི་དེ་གར་ཏཱ་ལས་རང་དགར་རྫུན་གཏམ་བཤད་པ་ནི་མངོན་གསལ་དོད་པོ་རེད། ཨ་རིའི་ཆབ་སྲིད་ལམ་ལུགས་ལེགས་ཉེས་དང་རྒྱལ་ཁབ་ཚང་མར་འཚམས་པོ་ཡོད་མེད་གནས་སྐབས་གླེང་གི་མིན། ཏཱ་ལ་ནི་1935ལོར་སྐྱེས་པ་དང་ཁོ་པའི “བྱིས་པའི་དུས ”ནི་ཁོ་པ་1935ལོར་སྐྱེས་པ་ནས་1952ལོའི་བར་གྱི་ལོ་གཅིག་ནས་ལོ་18བར་རེད། ལོ་བཅུར་མ་སླེབས་པའི་བྱིས་པས “རང་དབང་དང་དམངས་གཙོ ”ཅི་ཞིག་ཡིན་པ་ག་ནས་ཤེས། འོན་ཏེ་ཁོ་པ་ལོ་10ནས་ལོ་17བར་ཏེ་1945ལོ་ནས་1952ལོའི་བར་ནི “འཛམ་གླིང་དམག་ཆེན་གཉིས་པའི ”རྗེས་སུ་མིང་ངན་ཡོངས་སུ་གྲགས་པའི་ཨ་རིའི “མའེ་ཁ་ཤིས་རིང་ལུགས ”བྱུང་བ་ནས་དར་བའི་བར་གྱི་དུས་སྐབས་རེད།
དུས་སྐབས་དེར་འདུ་ཤེས་འཛིན་སྟངས་མི་འདྲ་བ་གཙང་སེལ་བྱེད་ཆེད་ཨ་རིས་དམངས་གཙོ་ཡར་ཐོན་མི་སྣ་དང་ཆབ་སྲིད་ཀྱི་ལྟ་སྟངས་མི་འདྲ་མཁན་ལ་འཛེམས་བག་མེད་པར་གནོད་འཚེ་བཏང་སྟེ “བློ་དཀར་གྱི་བརྟག་དཔྱད ”བྱས་ཡོད། མི་ཁྲི་སྟོང་མང་པོ “གསང་མྱུལ ”ཡིན་པར་དོགས་པ་བྱས་ཏེ་ཁྲིམས་འགལ་ངང་དྲི་བ་ལེན་པ་དང་། བཙོན་འཇུག་བྱེད་པ། མཐར་སྐྲོད་གཏོང་བ་བཅས་བྱས་ཡོད། ཧྲི་མོ་ཐེ་ལའེ་སོགས་གཡོན་རུའི་རྩོམ་པ་པོའི་དཔེ་དེབ་བཀག་སྡོམ་བྱས་པ་དང་ཐ་ན་མར་ཁེ ·ཐུའུ་ཝུན་གྱིས་ཀྱང་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་འཕྱ་སྨོད་དང་འོག་རིམ་མི་དམངས་ལ་གདུང་སེམས་མཉམ་སྐྱེ་བྱེད་པའི་དཔེ་དེབ་དེ་དག་ཚང་མ་ནི “ཉེན་ཁ་ཡོད་པའི་དཔེ་དེབ ”ལ་བརྩིས་ནས་བཀག་སྡོམ་བྱས་པ་དང་མེར་སྲེག་བཏང་ཡོད། དེ་རྗེས “མའེ་ཁ་ཤིས་རིང་ལུགས ”དེ “ཆབ་སྲིད་ཀྱི་གནོད་འཚེའི ”དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ཡོད། དེའི་རིང་ནི་ཨ་རི་བས་ཕྱིར་དྲན་བྱེད་མི་ཕོད་པ་ཞིག་ཏུའང་གྱུར་ཡོད། འོན་ཏེ་ཏཱ་ལས་སྐབས་དེ་དུས་ཀྱི་ཨ་རི་ནི “རང་དབང་དང་དམངས་གཙོ་སྲུང་སྐྱོང་བྱེད་མཁན ”ཞིག་ཏུ་བརྩི་བ་ནི་ཁོ་པས་བྱུང་རྒྱལ་དུ་སྨྲ་བ་དང་ཨ་རི་བའི་ལོ་རྒྱུས་ཀྱི་ཤེས་བྱ་དང་དྲན་པའི་ཆུ་ཚད་ལ་ཚོད་དཔག་དམའ་དྲགས་པ་ཞིག་དང་། མདོར་ན་བཤད་སྟངས་རྦད་དེ་ནོར་བ་ཞིག་རེད་ཅེས་བརྗོད་རྒྱུ་ལས་མ་འདས།
འོན་ཏེ་ཏཱ་ལས་ད་དུང་མ་ཚིམས་པར་ཨ་རིར “དམངས་གཙོའི་ཕུགས་བསམ ”དེ་དག “རང་དབང་མི་འདང་བའི་ཡུལ་གྲུ ”གཞན་དག་སྟེ “དཔེར་ན་ཀྲུང་གོ་དང་བོད ”ལ “དྲིལ་བསྒྲགས ”བྱ་རྒྱུའི་རེ་བ་བཏོན་ཡོད། དེར་བརྟེན “ཆོས་ལུགས་གཙོ་འཛིན ”ཟེར་བའི་ཏཱ་ལས་བསམ་ངན་གང་ཞིག་འཆང་བ་དང་མདུང་རྩེ་སུ་ལ་གཏད་པ་དེ་དམར་རྗེན་དུ་ཐོན་ཡོད།
ད་རེས་ཏཱ་ལ་ཨ་རིར་བསྐྱོད་དེ་ཕྱིར་བསྒྲགས་པའི་དམིགས་ཡུལ་ནི “འཛམ་གླིང་ཞི་བདེར་སྨོན་ལམ་འདེབས་རྒྱུ ”ཡིན་ཡང་ཨ་རིར་ཕྱོགས་མྱུལ་བྱེད་པའི་སྔ་ནུབ་ཏུ་ཁོ་པས “རྒྱལ་ཁབ་ཆེན་པོའི་དབར་ཆབ་སྲིད ”ཀྱི་རྩེད་མོ་རྩེ་བ་དང “རྒྱལ་སྤྱིའི་འཛིང་མོ ”ཞིག་སློང་བསམས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཏཱ་ལས་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་ཁོ་པའི་ཡང་སྲིད་ཀྱི་གནད་དོན་མཐའ་མ་དེ་ཁོ་པས་ཐག་གཅོད་རྒྱུ་ཡིན་ཞེས་བཤད་པ་དང་ཁོ་པས་ད་དུང་རང་ཉིད་ཀྱི་ཡང་སྲིད་ནི་གཏན་གཏན་ཕྱི་རྒྱལ་དུ་ཡོད་པ་ལས་བོད་དུ་མེད། ཐ་ན་ཨུ་རུ་སུར་ཡང་ཡོད་ཤས་ཆེ་ཞེས་བཤད། ཤོད་སྟངས་མཇུག་མ་དེར་ཨུ་རུ་སུ་བ་ཁག་གཅིག་ལ་སེམས་ཁྲལ་བྱུང་ཞིང་ཏཱ་ལས་ཁོ་པའི་ཡང་སྲིད་ཀྱི་གནད་དོན་སྤྱད་ནས་ཀྲུང་ཨུ་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་རྒྱུའི་རེ་ངན་འཆང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཨུ་རུ་སུའི 《རང་བཙན་ཚགས་པར 》ཐོག་སྤེལ་བའི་གནས་ཚུལ་གྱིས “རྒན་ཡོལ ”ཞུས་པ་ཁྱབ་བསྒྲགས་བྱས་པའི་ཏཱ་ལས་སྔར་བཞིན་འབྱུང་འགྱུར “བོད་རང་བཙན ”གྱི་ཆབ་སྲིད་འཐབ་ཇུས་བཏིང་ནས་རྒྱལ་ཁབ་ཆེན་པོའི་དབར་ལ་ཆབ་སྲིད་འཐབ་རྩོད་ངན་སློང་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་སྤེལ་བའི་གནས་ཚུལ་ནང་ཏཱ་ལས “ཨུ་རུ་སུ་སླུ་བྲིད་བྱེད་པ་དང་། ཨ་རིར་གནོན་ཤུགས་སྤྲོད་པ། ཀྲུང་གོར་འཇིགས་སྣང་སྐུལ་བ ”བཅས་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོ་པར་ཨ་རིས་ཁ་ཡ་མི་བྱེད་པའི་སེམས་ཁྲལ་བྱུང་སྟེ་ད་དུང་ཨུ་རུ་སུ་སླུ་བྲིད་བྱས་ན་ཨ་རིའི་སྲིད་གཞུང་གི་མིག་ལམ་དུ་རང་ཉིད་ཀྱི་རྒྱ་རྡོ་ཆེ་རུ་གཏོང་ཐུབ་ལ་ཀྲུང་ཨུ་དབར་ལ་གོ་ལོག་ཀྱང་ཐེབས་ཐུབ་སྟེ “གཅིག་གོ་གསུམ་ཆོད ”རེད་ཅེས་བརྗོད་ཆོག་པས་ངན་སེམས་འཆང་བ་དེ་མངོན་གསལ་དོད་པོ་རེད། འོན་ཏེ “རྩྭ་འབུས་ཤིང་སྡོང་སྒུལ་བ། བཞད་གད་སློང་བའི་རྒྱུ་ཡིན ”ཞེས་པ་ལྟར་ཏཱ་ལས་མ་རབས་ཐ་ཤལ་ཡིན་པ་མ་ཟད་དགོད་བྲོ་བའི་གཡོ་སྒྱུ་དེ་དག་འཁྲབ་ཚེ་བོད་རིགས་མི་དམངས་ཚུད་པའི་ཀྲུང་གོ་བས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་གདེང་ཚོད་ལ་ཤུགས་རྐྱེན་རྩ་བ་ནས་གཏོང་མི་ཐུབ་ལ་རྒྱལ་ཁབ་ཀྱི་ཁེ་ཕན་དང་། རྒྱལ་སྤྱིའི་མཉམ་ལས། ཐུན་མོང་གྲ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གིས་བཙུགས་པའི་ཕྱི་ཕྱོགས་འབྲེལ་བའི་སྤྱི་ཡོངས་ལའང་ཤུགས་རྐྱེན་གཏོང་མི་ཐུབ་པར “རྒན་ཡོལ ”དང “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱེད་ཀྱི་ཡིན ”ཟེར་སྦིར་སྒྲ་སློང་བའི “ཆོས་ལུགས་ཀྱི་གཙོ་འཛིན ”ཟེར་བའི་ཏཱ་ལ་ནི་སྔར་བཞིན་ཆོས་གོས་གྱོན་པའི་སྲིད་ཚོང་པ་ཞིག་དང་གཡོ་ཐབས་ཡང་ཡང་སྒྱུར་བའི “བོད་རང་བཙན ”དོན་གཉེར་བྱེད་མཁན་ཁ་ཕྲལ་རིང་ལུགས་པ་ཞིག་ཡིན་པ་མི་རྣམས་ཀྱིས་དེ་བས་གསལ་པོར་རྟོགས་རྒྱུ་ལས་མ་མཆིས་སོ།