བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་མཇུག་འགྲིལ་སར་བརྩིས་ཏེ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་འབོར་ཆེན་ཞིག་གིས་གངས་ལྗོངས་ས་མཐོར་ཕན་པ་སྦྱིན་པ་དང་དམངས་འཚོའི་ཉི་འོད་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་པར་དྲོ་སྐྱིད་སྦྱིན་ཡོད།
དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་སྟོང་གི་མཆོང་སྐྱོད་བྱས་ནས་བོད་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བོད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ལོ་60དེ་ནི་བོད་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ལ་རྩ་བའི་ལེགས་བཅོས་བྱུང་བའི་ལོ་60ཡིན་ཞིང་སློབ་ཡོན་མི་དགོས་པའི་སློབ་གསོ་དང་། བདེ་སྡོད་ལས་གྲྭ གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས། སྤྱི་ཚོགས་འགན་ལེན་བཅས་གང་ཞིག་ཡིན་ནའང་འདྲ་ཡང་ན་ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུའི་ལས་གྲྭ་དང་། རྫབ་རླངས། ཉི་འོད་ནུས་པ་སོགས་ནུས་རྒྱུ་གཙང་མ་གང་ཞིག་ཡིན་རུང་སྤྱིར་བཏང་གི་ཁྱིམ་དུད་ནང་ཐོན་ཏེ་བོད་ཀྱི་མི་དམངས་ཚོས་ཉིན་བཞིན་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།
ལོ་60ཡི་རིང་རང་ལྗོངས་ཀྱིས་དམངས་གཙོ་ལེགས་བཅོས་གཏོང་བའི་ཐད་དོན་སྙིང་ཟབ་མོ་ལྡན་པའི་བྱ་བ་ཞིག་བསྒྲུབས་ཡོད། སློབ་གསོ་ནི་དམངས་འཚོ་ལེགས་བཅོས་གཏོང་བའི་གཞི་རྩ་ཡིན་ཞིང་། རྒྱལ་ཡོངས་སུ་བོད་ལ་དང་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་མངོན་འགྱུར་བྱུང་ཞིང་མིག་སྔར་སློབ་གྲྭར་མ་སྐྱོད་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་ཅིག་ཆགས་ཡོད། 2010ལོ་བར་ལྗོངས་ཡོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་མངོན་འགྱུར་བྱུང་བ་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཡོད་མུས་སློབ་མ་ཁྲི་55.72དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.2% དམའ་རིམ་སློབ་འབྲིང་དུ་ཞུགས་ཚད་98.2% མཐོ་རིམ་སློབ་འབྲིང་དུ་ཞུགས་ཚད་60.1% གཞོན་དར་ཡིག་རྨོངས་བ་1.2%བར་ཆག་པ་བཅས་ཟིན་པ་དང་ཆ་སྙོམས་མི་རེར་སློབ་གསོ་ཐེབས་ཚད་ལོ་7.3ཟིན་ཡོད་པ་རེད། ད་ལོའི་ཟླ་1ཚེས་1ཉིན་ནས་བཟུང་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་གསར་པ་ལག་ལེན་བསྟར་རྗེས་ཕན་པ་ཐོབ་ཚད་དེ་དེ་སྔོན་གྱི་སློབ་མ་ཁྲི་27ནས་ཁྲི་50ལྷག་ཙམ་བར་རྒྱ་ཆེར་ཕྱིན་པ་དང་བོད་ཀྱི་སློབ་གྲྭར་ཡོད་མུས་སློབ་མ་98%ཡན་ལ་སྲིད་ཇུས་རབ་དང་རིམ་པ་དེ་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད་པ་རེད།
ཞིང་འབྲོག་ཁུལ་དུ་སྨན་ཡོན་མི་དགོས་པའི་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱུང་བ་དེ་ནི་དམངས་འཚོར་ལེགས་བཅོས་གཏོང་བའི་རྩ་བ་ཞིག་ཡིན་ཞིང་ལྗོངས་ཡོངས་སུ་སྨན་ཡོན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་ཐང་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་ཆ་སྙོམས་མིའི་ཚེ་ཚད་དེ་དེ་སྔོན་གྱི་ལོ་35.5ནས་ད་ལྟའི་ལོ་67བར་རིང་དུ་ཕྱིན་ཡོད། 2010ལོར་རིམ་ཁག་ནོར་སྲིད་ཀྱིས་ཞིང་འབྲོག་པའི་སྨན་ཡོན་མི་དགོས་པའི་སྨན་བཅོས་ལ་ཁ་གསབ་རྒྱག་ཚད་ལོ་རེར་ཆ་སྙོམས་མི་རེར་སྒོར་180ཟིན་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཞིང་འབྲོག་སློབ་མ་དང་། གྲྭ་བཙུན། ཞིང་འབྲོག་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་བཅས་ཚང་མར་སྨན་ཡོན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱི་འགྲོ་གྲོན་མཐོ་ཤོས་ཀྱི་ཚད་གཞི་དེ་ལོ་རེར་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་གི་ལྡབ་6ཟིན་ཡོད་པ་རེད།
གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ལག་ལེན་བསྟར་འགོ་བཙུགས་པ་དེས་དམངས་འཚོ་ལེགས་སུ་གཏོང་རྒྱུར་བདེ་འཇགས་ཀྱི་གཞི་རྟེན་ཞིག་ཆགས་ཡོད། 2010ལོའི་ཟླ་2ཚེས་3ཉིན་རང་ལྗོངས་སུ་གྲོང་གསེབ་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་ཁག་དང་པོ་དེ་སྤྲད་པ་དེ་ཐོག་ནས་གྲོང་གསེབ་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དེ་བོད་དུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད། བོད་ཀྱིས་སྔ་རྗེས་སུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ཚོའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ལེགས་སྒྲིག་ཐེངས་མང་བྱས་པ་དང་ཆབས་ཅིག་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ལས་ས་མཐོའི་ཞིང་འབྲོག་པར “ལས་འཁྱུར་རྒན་གསོའི་དངུལ ”ཐོབ་ཡོད། 2010ལོའི་ཟླ་བ་11པའི་ཟླ་མཇུག་བར་བོད་ཀྱི་རྫོང་73(གྲོང་ཁྱེར་དང་ཆུས )ཚང་མ་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ཁྱབ་ཁོངས་ནང་གཏོགས་པ་དང་དུས་བཀག་ལས་ལོ་2ཀྱི་གོང་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་བསྒྲུབས་ཡོད་པ་རེད།
བདེ་སྡོད་ལས་གྲྭས་དུད་ཚང་ཁྲི་སྟོང་དུ་མར་བདེ་སྐྱིད་བསྐྲུན། 2006ལོ་ནས་བཟུང་བོད་ཀྱིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ནུས་ཤུགས་ཡོད་རྒུས་གཉེར་བ་དང་2010ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་170བཏང་སྟེ་ཞིང་འབྲོག་པ་ཁྲི་143བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་34.72ཟིན་ཡོད་པ་རེད།
དམངས་འཚོ་དེ་དམངས་སེམས་དང་སྦྲེལ་ཡོད་པ་དང་དམངས་འཚོ་ལེགས་བཅོས་གཏོང་རྒྱུའི་བརྗོད་བྱ་གཙོ་བོ་དེ་འཛུམ་མདངས་རྒྱས་པའི་མང་ཚོགས་ཀྱི་གདོང་ཐོག་ནས་གང་ལེགས་མཚོན་ཡོད། དམངས་འཚོ་དང་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་དེ་དག་ཚང་མའི་ཐོག་ནས་དམངས་འཚོ་དེ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་པ་དང་ལྗོངས་ཡོངས་སུ་མཐུན་སྒྲིལ་དང་། བརྟན་ལྷིང་། ་མཐུན་སྦྱོར། འཕེལ་རྒྱས་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ལྡན་པའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
2011ལོར “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ནས་དམངས་འཚོ་ལེགས་སུ་གཏོང་ཚད་མུ་མཐུད་མཐོ་རུ་འགྲོ་བའི་སྐབས་དེར་བོད་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གཙོ་བོར་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་སྟེ་གཙོ་གནད་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུ་དམ་འཛིན་ཤུགས་ཆེན་བྱེད་པ། རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཧུར་བརྩོན་ཆེན་པོས་མངོན་འགྱུར་ཡོང་བ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་གཟབ་ནན་ངང་ཁྱབ་བསྒྲགས་བྱས་ཡོད།