དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཚོལ་ཞིབ་ལྷོད་མེད་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་བཏང་ནས་གངས་ལྗོངས་ས་མཐོར་ཁེ་ཕན་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་ངོ་60ནི་མིའི་རིགས་ཀྱི་ལོ་རྒྱུས་ནང་ཡུད་ཙམ་ཞིག་ཡིན་ནའང་བོད་ཀྱི་ངོས་ནས་བརྗོད་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་ལོ་ངོ་60ཞིག་རེད། 1951ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》བཞག་ནས་བོད་ཞི་བས་བཅིངས་འགྲོལ་ཐོབ་པས་བོད་འདི་ཉིད་རྒྱལ་ཡོངས་དང་ཐུན་མོང་ཐོག་ཡར་ཐོན་གོང་འཕེལ་ཡོང་བར་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱས་པ་དང་དུས་དེ་ནས་བཟུང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས།   

        《གྲོས་མཐུན་དོན་ཚན་བཅུ་བདུན 》དོན་འཁྱོལ་བྱས་ནས་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་བོད་ཀྱི་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་རྐྱང་ཞིག་བཏོད་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་མི་དམངས་བཅིངས་འགྲོལ་དམག་དང་བོད་སྐྱོད་ལས་དོན་མི་སྣས 《གྲོས་མཐུན་དོན་ཚན་བཅུ་བདུན 》དང་ཀྲུང་དབྱང་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བས་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་དང་དེང་རབས་ཀྱི་སྤྱི་ཚོགས་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་བཏོད་པས་བོད་ཀྱི་སྤྱི་ཚོགས་གོང་འཕེལ་ཡར་ཐོན་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་བཏོད་ལ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་མདུན་སྐྱོད་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ཡང་བཏོད་ཡོད།

        དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱ་དང་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་བཏང་བས་བོད་ཀྱི་ལོ་རྒྱུས་ཐོག་གི་གཏིང་ཟབ་ཤོས་ཡིན་པའི་སྤྱི་ཚོགས་འཕོ་འགྱུར་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བོད་ཪྙིང་པ་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་རྗེས་ལུས་ཐེབས་པ་དང་མུན་ནག་ཆེ་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བརླག་མཐར་ཕྱིན་པ་གཏོང་རྒྱུའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཞིག་སྤེལ་བར་བརྟེན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་བྲན་གཡོག་རྣམས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་ཕྱོགས་གང་ཅིའི་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་པས་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་བོད་དུ་དེང་རབས་ཅན་འཕེལ་རྒྱས་གཏོང་བར་ལམ་བུའང་བཏོད་ཡོད།

        མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད། 1965ལོའི་ཟླ་བ་དགུ་པར་བོད་རང་སྐྱོང་ལྗོངས་དང་དེ་བཞིན་དེའི་མི་དམངས་སྲིད་གཞུང་དབུ་བཪྙེས་པའི་ཁྱབ་བསྒྲགས་བྱས་པས་ལམ་ལུགས་ཀྱི་ཐོག་ནས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བའི་སྲིད་ཇུས་བོད་དུ་མངོན་འགྱུར་ཡོང་རྒྱུའི་འགན་ལེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ནང་ཞུགས་པ་དང་ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་ལ་རང་བདག་ངང་དོ་དམ་བྱ་རྒྱུའི་དབང་ཆ་འགན་ལེན་བྱུང་བས་རྒྱལ་ཁབ་ཀྱི་དམིགས་བསལ་རྒྱབ་སྐྱོར་དང་རོགས་སྐྱོར་འོག་བོད་འདི་ཉིད་ཀྱིས་ས་ཁུལ་དེ་གའི་ཁྱད་ཆོས་གཞིར་བཟུང་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ལམ་ལུགས་ཀྱི་ཐོག་ནས་འགན་ལེན་བྱས་ཡོད།

        སྒྱུར་བཅོས་སྒོ་དབྱེ་བྱས་ནས་བོད་ཀྱི་དཔལ་འབྱོར་དེ་བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་དང་མཁོ་འདོན་རྣམ་པའི་དཔལ་འབྱོར་ནས་གཉེར་སྐྱོང་རྣམ་པའི་དཔལ་འབྱོར་གྱི་ཕྱོགས་སུ་སྐྱོད་པར་སྐུལ་མ་ཐེབས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་བོད་དུ་རྒྱལ་ཡོངས་དང་གཅིག་མཚུངས་ངང་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་འཚོགས་ཏེ་བོད་ལ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་ནས་བཀག་སྡོམ་རྣམ་པའི་དཔལ་འབྱོར་ནས་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་དུ་འགྱུར་བ་དང་མཁོ་འདོན་རྣམ་པའི་དཔལ་འབྱོར་ནས་གཉེར་སྐྱོང་རང་བཞིན་གྱི་དཔལ་འབྱོར་དུ་འགྱུར་བའི་མཛུབ་ཁྲིད་བྱེད་ཕྱོགས་གཏན་འཁེལ་བྱས་པས་བོད་ཀྱི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་མ་ཐེབས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

        དུས་བབ་གསར་པ་གཞིར་བཟུང་ལག་ལེན་ཁྲོད་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་འཚོལ་ཞིབ་དང་ཆགས་པ་བྱས་ཏེ་བོད་འདི་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དུས་བབ་བརྟན་ལྷིང་ཡོང་རྒྱུ་སྲུང་སྐྱོང་བྱས་ཡོད། 1994ལོ་དང་2001ལོར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་ཏེ་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པའི་ཇུས་འགོད་གལ་ཆེན་བཏོན་པ་དང་བོད་འདི་ཉིད་འཕེལ་རྒྱས་མགྱོགས་སུ་གཏོང་བའི་དམིགས་བསལ་དང་གཟིགས་སྐྱོང་གི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་པས་རྒྱལ་ཁབ་ཀྱིས་བོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ཐད་ཀར་མ་འཇོག་དང་། ཀྲུང་དབྱང་གིས་ནོར་སྲིད་ཁ་གསབ། རྒྱལ་ཡོངས་ཀྱིས་ཁ་གཏད་རོགས་སྐྱོར་བཅས་བྱེད་པའི་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་པ་རེད།

        2010ལོའི་ཟླ་བ་དང་པོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཏེ་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་ཚང་དུ་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པས་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་རྐྱང་ཞིག་མངོན་པ་རེད།

        ད་ཆ་ང་ཚོ་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ལངས་ཟིན་པས་འཆར་འགོད་བརྗིད་རླབས་ཆེ་བ་དང་། རྨང་གཞི་བརྟན་པོ། གོ་སྐབས་འཕྲད་དཀའ་བ་བཅས་རེད། འདས་ཟིན་པའི་ལོ་ངོ་60རིང་འཕེལ་རྒྱས་གཏོང་སྐབས་བཏིང་བའི་རྨང་གཞི་བརྟན་པོ་དང་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་བཅས་ཡོད་པས་བོད་འདི་ཉིད་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།