དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེན་གྱི་བྱ་གཞག་ལ་བརྟེན་ནས་དམར་མདངས་བཀྲ་བའི་ཏང་དར་ནམ་ཡང་ས་མཐོར་ལྷབ་ལྷུབ་ཏུ་གཡོ་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བོད་ཀྱིས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་འཕུར་མཆོང་ངོ་མཚར་བཏོད་པ་དེ་རླབས་ཆེན་གྱི་སྲིད་ཏང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད།

        བོད་ཪྙིང་པར་རུལ་སུངས་ཀྱི་སྤྱི་ཚོགས་ལམ་ལུགས་ཀྱིས་བོད་མི་རིགས་ཀྱི་གསར་གཏོད་ནུས་པ་དང་། སྐྱེ་སྟོབས། གསོན་ཤུགས་བཅས་མེད་པ་བཟོས་པ་དང་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་བོད་མི་རིགས་ཀྱི་མདུན་སྐྱོད་ཀྱི་གོམ་སྟབས་བཀག་ནས་དུས་རབས་ཉི་ཤུ་པའི་དུས་འགོའི་བར་འཛམ་གླིང་ཡང་རྩེ་དེ་སྔར་བཞིན་དུས་རབས་དཀྱིལ་མའི་དུས་སུ་གནས་ཡོད།

        ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ས་མཐོའི་ས་གཞི་ཆེན་པོ་འདིའི་སྟེང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་ཞིག་རོའི་སྟེང་སྤྱི་ཚོགས་རིང་ལུགས་བཙུགས་པ་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་གྲུབ་འབྲས་ཐོབ་པའི་ངང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། 1951ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གཉིས་ཀྱིས 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》བཞག་པ་དང་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་ཏེ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ། 1959ལོར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློར་བསྟུན་ནས་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་དཔལ་འབྱོར་ཐད “མངའ་བདག་ཆེན་པོ་གསུམ ”གྱི་དབང་བའི་ལམ་ལུགས་ཀྱི་ཐོན་སྐྱེད་འབྲེལ་བ་མེད་པ་བཟོས་པས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་རང་ཉིད་ལ་དབང་བའི་ས་ཞིང་དང་། ནོར་ལུག ཐོན་སྐྱེད་རྒྱུ་ཆ་བཅས་བྱུང་ནས་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ཧ་ཅང་འཕེལ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་བཏང་བ། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བཪྙེས་ནས་མི་དམངས་སྲིད་གཞུང་བཙུགས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་འགན་ལེན་བྱུང་ཡོད།

        ལོ་བཅུ་ཕྲག་ཁ་ཤས་རིང་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱིས་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བཪྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་བརྒྱུད་པ་དང་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པ། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ་བཅས་བྱས་ཏེ་དུས་ཐུང་ལོ་དྲུག་ཅུའི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་འཛམ་གླིང་ཡང་རྩེའི་ཐོག་མི་ཡུལ་གྱི་ངོ་མཚར་རེ་རེ་བཞིན་བཏོད་པ་དང་གངས་ལྗོངས་ས་མཐོའི་ཐོག་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད།

        ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དུང་བརྡ་བསྒྲགས།

        འཆར་གཞི་རྔམ་བརྗིད་ལྡན་པ་དང་། རྨང་གཞི་བརྟན་པ། གོ་སྐབས་རྩ་ཆེ་བ་བཅས་ཡོད་ཅིང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཕྱོགས་ནས་འཆར་གཞི་ཆེན་པོའི་རླབས་ཆེན་བྱ་གཞག་མངོན་འགྱུར་ཡོང་བ་བྱེད་པར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཉེ་དུས་གཟེངས་བསྟོད་ཐོབ་པའི་ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་102དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་52 ཕུལ་བྱུང་ཏང་དོན་ལས་དོན་པ་51བཅས་ཀྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་ནན་ཏན་བྱས་ཐོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་རིང་སྔོན་གཏོད་ལེགས་བརྩོན་དང་བྱས་རྗེས་བཞག་སྟེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ནམ་ཡང་གངས་ལྗོངས་ས་མཐོར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།