དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རང་ཁུངས་བརྗེད་པ་ནི“ངོ་ཚ་དགོས་ཤོས”ཤིག་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “རྒན་ཡོལ ”ཞུ་བའི་གནད་དོན་སྐོར་ཁ་བཤད་ངོ་བཤད་བྱས་ཏེ་ཟིང་གང་ཡང་སློང་མ་ཐུབ་པར་བརྟེན་ཉེ་ཆར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་སྐད་ཆ་ཪྙིང་པ་གླེང་ནས་ཏཱ་ལའི་ཡང་སྲིད་སྐོར་ཁ་བཤད་ངོ་བཤད་བྱེད་འགོ་བརྩམས། ཕྱི་རྒྱལ་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཏཱ་ལས་ཨ་རིའི་སྨྱན་སྦྱོར་ཚན་པ་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་ཤི་རྗེས་སུ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི “འགོ་ཁྲིད་པ ”བྱེད་མིན་ཐད་ཀྲུང་གོས་ཐེ་ཇུས་བྱེད་མི་ཆོག་ཅེས་བཤད་པ་དང་འབྲེལ་གནད་དོན་དེའི་ཐད་ཀྲུང་གོས་ཐེ་ཇུས་བྱེད་པ་ནི “ངོ་ཚ་དགོས་པའི་བྱ་བ་ཞིག་རེད ”ཅེས་བཤད་པ་དང་། ཁོ་པས་ད་དུང་ཁོང་ཁྲོ་ཆེན་པོས “ངས་དོན་ཞིག་གསལ་པོ་བཟོ་རྒྱུ་སྟེ་ངའི་ཡང་སྲིད་ངོས་ནས་བརྗོད་ན་མཐའ་མའི་དབང་གྲགས་ནི་ང་ལ་ལྡན་པ་ལས་གཞན་ལ་ལྡན་མེད ”ཅེས་སྐད་ཅོར་བརྒྱབ་པའི་ཁར་ཁོ་པས་ད་དུང “དེ་ནི་ཆོས་ལུགས་ཀྱི་བྱ་བ་ཞིག་ཡིན་པས ”ཀྲུང་གོའི་སྲིད་སྐྱོང་མཁན “ལྷ་མེད་སྨྲ་བའི ”གུང་ཁྲན་ཏང་མིས་ཡང་སྲིད་ལ་ཡིད་ཆེས་བྱེད་ཀྱི་མེད་པས “དད་པ་རྨང་གཞིར་བྱེད་པའི་བྱ་བ་གཏན་འབེབས་བྱེད་ཐབས་བྲལ་ཡོད ”ཅེས་བཤད་ཡོད།

        ཏཱ་ལས་ཁོ་པ་རང་ཉིད་ཀྱི་ཡང་སྲིད་ཐོག་ནས་ལབ་གླེང་མང་པོ་ཞིག་བཟོས་རུང་དེ་ནི་སྐད་ཆ་གསར་པ་ཞིག་མིན། ཁོ་པས་ནུབ་ཕྱོགས་སྨྱན་སྦྱོར་ཚན་པར “ཡང་སྲིད་བྱོན་སྟངས་སྣ་ཚོགས་ཡོད་པ ”སྟེ་ངའི་ཡང་སྲིད “བུ་མོ་ཞིག ”ཡིན་སྲིད་ལ་ཡང་ན “བོད་མི་མིན་པ་ཞིག ”ཀྱང་ཡིན་སྲིད་ཅེས་ཐེངས་མང་བཤད་པ་མ་ཟད་ཐ་ན་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་བྱེད་སྟངས་མེད་པ་བཟོས་ནས་རང་ཉིད་མ་ཤི་གོང་ཡང་སྲིད་འདེམས་ཀྱི་ཡིན་ཞེས་བརྗོད་ཡོད།

        ད་རེས་ཏཱ་ལས་སྐད་ཆ་དེ་བས་དམར་རྗེན་དུ་བཤད་ཡོད་པ་དང་། ཁོ་པའི་ལྟ་བ་ཕྱོགས་བསྡུས་བྱས་ཚེ་འགག་རྩའི་འདོད་བློ་ནི་གཉིས་ཡོད་པ་སྟེ། གཅིག་ནི་ཏཱ་ལའི་ཡང་སྲིད་ཁོ་པ་རང་ཉིད་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་རང་གིས་གཏན་འཁེལ་བྱ་རྒྱུ་དང་། གཉིས་ནི་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་ལ “ཆོས་ལུགས་བྱ་བར ”ཐེ་ཇུས་བྱེད་དབང་མེད་པ་སྟེ་ཀྲུང་གོའི་སྲིད་སྐྱོང་མཁན་གུང་ཁྲན་ཏང་མི་ནི་ལྷ་མེད་སྨྲ་བ་ཞིག་ཡིན་པས་ཡང་སྲིད་ལ་ཡིད་ཆེས་མེད་པས་རེད་ཅེས་པ་དེ་ཡིན།

        ཏཱ་ལའི་ཤོད་སྟངས་དེ་ལོ་རྒྱུས་ཀྱི་དོན་དངོས་དང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་རྒྱབ་འགལ་དུ་སོང་ཡོད་པས་མ་རུངས་ཁོག་བཅུག་རང་རེད།

        མི་རྣམས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ནི་ནང་བསྟན་གྱི་རྣམ་ཤེས་ནམ་ཡང་གནས་པ་དང་། སྐྱེ་བ་ཡང་ནས་ཡང་དུ་ལེན་པ། སངས་རྒྱས་ཀྱིས་རྣམ་སྤྲུལ་སྣ་ཚོགས་ལ་བརྟེན་ནས་འགྲོ་བ་འདྲེན་པ་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་ཆེས་གཞི་རྩའི་ཆ་རྐྱེན་ཞིག་ནི་སྤྲུལ་སྐུ་སྐུ་ཐོག་གོང་མ་ཞིང་བརྗེས་རྗེས་གཞི་ནས “ཡང་སྲིད ”བྱོན་གྱི་ཡོད་པ་ཤེས་གསལ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྐད་ཆ་འདྲི་རྒྱུར་རང་ཉིད་ཤི་རྗེས་ཀྱི་བྱ་བ་རང་གིས་ཇི་ལྟར་བྱས་ནས “གཏན་འཁེལ ”བྱེད་དམ། ལོ་རྒྱུས་ཐོག་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ད་དུང་ཚད་ལྡན་མེད་པའི་སྐབས་སུ་སྤྲུལ་སྐུ་ལ་ལས་རང་ཉིད་མ་ཤི་གོང་ཡང་སྲིད་གང་དུ་བྱོན་མིན་གཏན་འཁེལ་བྱེད་པ་སྟེ་རྒྱུན་དུ་ རང་ཉིད་ཀྱི་གཉེན་ཉེ་དང་ཁྱིམ་རྒྱུད་ཁྲོད་ཡིན་པར་བརྟེན་མཐར་དེ་ཤི་རྗེས་སྐྱེས་པའི་ཕྲུ་གུ་ནི་བུ་མོ་ཡིན་པའི་དགོད་བྲོ་བའི་བྱ་བ་ཐོས་རྒྱུ་ཡོད། དེའི་དབང་གིས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ད་གཟོད “གསེར་བུམ་དཀྲུག་འདོན ”སོགས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་བཟོས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་བའི་ལོ་རྒྱུས་ངེས་སྲོལ་ཆགས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཟབ་ཤོས་ལྡན་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད།

        བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་ན་ཏཱ་ལ་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཞུ་སྐབས་སྤྱིར་ན་སྲོལ་རྒྱུན་གྱི་བརྒྱུད་རིམ་རབ་དང་རིམ་པ་བརྒྱུད་དགོས་ཀྱི་ཡོད།

        ཆེས་གལ་ཆེ་ཤོས་ཤིག་ནི་ཏཱ་ལ་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ལ་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཁས་ལེན་ཐོབ་དགོས། གནས་ཚུལ་རེ་ཟུང་འོག་ཡང་སྲིད་ལ “གསེར་བུམ་དཀྲུག་འདོན ”བྱེད་མི་དགོས་རུང་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ངེས་པར་དུ་ཐོབ་དགོས། ཏཱ་ལའི་སྐུ་ཕྲེང་ངོས་ནས་བརྗོད་ན་ལོ་རྒྱུས་ཐོག་ཏཱ་ལ་སྐུ་ཕྲེང་ལྔ་པར་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་ཆོ་ལོ་ཐོབ་པ་ནས་བཟུང་བོད་ཀྱི་ཆོས་ལུགས་དང་ཆབ་སྲིད་ཐད་ཀྱི་ཏཱ་ལ་སྐུ་ཕྲེང་རིམ་བྱོན་གྱི་གནས་བབ་གཏན་འཁེལ་བྱུང་བ་དང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ལ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་གཞི་ནས་ངོས་འཛིན་ཞུ་ཆོག་པ་དེ་ནི་སྔ་ས་ནས་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོས་ཁས་ལེན་གང་ལེགས་བྱེད་པའི་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི “ལོ་རྒྱུས་ཀྱི་ངེས་སྲོལ ”དེར་བརྟེན་ནས་བྱུང་བ་ཞིག་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བཙལ་འཚོལ་གྱི་ལས་དོན་དེ་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་ཞིང་བརྗེས་རྗེས་གཞི་ནས་འགོ་ཚུགས་པ་ཞིག་ཡིན། སྐབས་དེ་དུས་བླ་མ་སྐྱེས་ཆེན་ཚོས་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པ་ཞིང་བརྗེས་རྗེས་ཀྱི “མཚན་རྟགས ”ལ་གཞིགས་ནས་མཚོ་བོད་ཨ་མདོ་ས་ཁུལ་གྱི་ལུང་ཁུག་གྲོང་ཚོ་ཞིག་ནས་ལོ་གཉིས་ལ་སོན་པའི་ཕྲུ་གུ་བུ་ཞིག་ཪྙེད་པ་དང་། བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད་ཡང་སྲིད་ལ་གཏན་འཁེལ་བྱས་ནས་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ཆེད་མི་མངགས་གཏོང་བྱས་ནས་ཆུང་སྲིད་ཀྱི “མཚན་རྟགས ”གནས་ཚུལ་ལ་ལྟ་ཞིབ་བྱས་རྗེས་བཀའ་རྒྱ་ཡོངས་བསྒྲགས་བྱས་ཏེ་ཏཱ་ལ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུ་ཆོག་པའི་ཆོག་མཆན་གནང་བ་དང་འབྲེལ་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་གནང་ཡོད།

        སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་དང་དེ་བཞིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ངོས་འཛིན་ཞུས་པའི་ལོ་རྒྱུས་གང་གི་ཐོག་ནས་བལྟས་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་འབྲེལ་ཡོད་ཡང་སྲིད་རང་ཉིད་ཀྱིས་གཏན་འཁེལ་བྱེད་པ་ལས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་ལ “ཆོས་ཀྱི་བྱ་བར ”ཐེ་ཇུས་བྱེད་དབང་མེད་ཟེར་བ་དེ་ནི་ཁུངས་མེད་ལུང་མེད་དང་རྨོངས་པའི་ཤོད་སྟངས་ཤིག་དང་དཔེ་མཚོན་གྱི་རང་ཁུངས་བརྗེད་པ་ཞིག་རང་ཡིན་པ་ཤེས་ཐུབ། ཏཱ་ལས་བཤད་པའི་སྲིད་སྐྱོང་མཁན་གུང་ཁྲན་ཏང་མི་ནི “ལྷ་མེད་སྨྲ་བ ”ཡིན་པས་ཡང་སྲིད་ལ་ཡིད་ཆེས་མེད་པར་བརྟེན “དད་པ་རྨང་གཞིར་བྱེད་པའི་བྱ་བ་གཏན་འབེབས་བྱེད་ཐབས་བྲལ་ཡོད ”ཟེར་བ་དེའང་གོང་གསལ་ལྟར་རྨོངས་གཏམ་དང་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་ཞིག་རང་རེད།

        ལོ་རྒྱུས་ཐོག་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས 《བླ་མའི་བཤད་པ 》ཞེས་པའི་ནང་སྤྲུལ་སྐུའི་ཡང་སྲིད་ཀྱི་ཤོད་སྟངས་ལ་ཡིད་ཆེས་མེད་ཅེས་ཁ་གསལ་བརྗོད་ཡོད་པ་དང་ཁོང་གིས “སངས་རྒྱས་ལ་སྐྱེ་བ་མེད་པས་ཡང་སྲིད་ཅེས་པ་ག་ལ་ཡོང་སྲིད ”ཅེས་བརྗོད་ཡོད། འོན་ཀྱང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་དབྱང་སྲིད་གཞུང་དང་ཆིང་རྒྱལ་རབས་སྲིད་གཞུང་གིས་སྔར་བཞིན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་བྱེད་སྟངས་ལ་བརྩི་འཇོག་བྱས་པ་མ་ཟད 《ལུགས་སྲོལ་གསར་འཛུགས་ཀྱི་རྩ་ཚིག་དོན་ཚན་ཉེར་དགུ་པ 》(“དོན་ཚན་ཉེར་དགུ་པ ”)ཞེས་པ་བརྒྱུད་བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་སེར་སྐྱ་དད་ལྡན་མང་ཚོགས་ཚོས་ཡོངས་ཁྱབ་ངང་ཁས་ལེན་པ་དང་ད་བར་རྒྱུན་བསྐྱངས་པའི “གསེར་བུམ་དཀྲུག་འདོན ”སོགས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་དེ་བྱུང་ཡོད། དེ་ཐོག་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བཤད་པ་ལྟར་གལ་ཏེ་ཀྲུང་དབྱང་སྲིད་གཞུང་གི་སྲིད་སྐྱོང་བས་ཡང་སྲིད་ལ་ཡིད་ཆེས་མེད་ཚེ “དད་པ་རྨང་གཞིར་བྱེད་པའི་བྱ་བ་གཏན་འབེབས་བྱེད་ཐབས་བྲལ་ཡོད ”ཟེར་བ་ལྟར་གཏན་ནས་མིན་པ་ར་འཕྲོད་བྱུང་ཡོད།

        དེང་རབས་ཀྲུང་གོ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་ལྷ་མེད་སྨྲ་བ་ཞིག་ཡིན་རུང་ཀྲུང་གོའི་རྩ་ཁྲིམས་ནང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ཅེས་གཏན་འཁེལ་བྱས་ནས་ཀྲུང་གོའི་ཆོས་ལུགས་གྲུབ་མཐའ་ཁག་གི་དད་ལྡན་པའི་ཆོས་དད་རང་མོས་དང་ཆོས་ཀྱི་རང་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད། དེ་དང་ཆབས་ཅིག “ཆོས་ལུགས་ལས་དོན ”ཚང་མ་ཡང་ཀྲུང་གོའི་བཅའ་ཁྲིམས་ཀྱི་བྱེད་ཆོག་པའི་སྒྲོམ་གཞིའི་ནང་ངེས་པར་དུ་སྤེལ་དགོས། འོན་ཀྱང་ཏཱ་ལས་མི་མངགས་གཏོང་བྱས་ནས་ཀྲུང་དབྱང་སྲིད་གཞུང་དང་ངོ་འཕྲད་གྲོས་མོལ་བྱེད་སྐབས “དྲན་ཐོ ”ཟེར་བའི་ནང “སྤྱིར་བཏང་གི་ཆོས་ཕྱོགས་བྱེད་སྒོ་སྟེ་དགེ་སློབ་ཀྱི་འབྲེལ་བ་དང་། དགོན་པའི་དོ་དམ། ཡང་སྲིད་ངོས་འཛིན་ཞུ་བ་སོགས་བྱ་བ་ཚུད་པར་སྲིད་གཞུང་གིས་ཐེ་ཇུས་བྱེད་མི་རུང ”ཞེས་བཏོན་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་གཞི་འཛིན་ས་གཏན་ནས་མེད་པ་དང་དེང་རབས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཞན་པའི་འཆལ་གཏམ་རང་རེད། ད་རེས་ཏཱ་ལས་གཏམ་ཪྙིང་བསྐྱར་གླེང་བྱེད་པའི་དམིགས་ཡུལ་ནི་སྲོལ་རྒྱུན་བསྐྱུར་ནས་དབང་ཆ་ཆེན་པོ་སྒེར་འཛིན་གྱིས་ཁྲིམས་ལུགས་རྩིས་མེད་དུ་བཏང་ནས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་རང་སྣང་གང་ཤར་བྱ་རྒྱུ་དེ་རང་ཡིན་པ་རེད།

        བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སྣང་མེད་དུ་འཇོག་པའི་ཏཱ་ལའི་ཤོད་སྟངས་དེ་རིགས་ལ་ནུབ་ཕྱོགས་བ་ཚུད་པའི་འཛམ་གླིང་སྐྱེ་བོས་སྔ་ས་ནས་རྒྱ་ཁྱབ་ངང་དོགས་འདྲི་བྱེད་ཀྱི་ཡོད། ཨ་རིའི 《ཉིའུ་གཡོད་སྐབས་དོན་ཚགས་པར 》ཐོག 《ཁྱེད་ཀྱིས་ཁྱེད་ཀྱི་ཡང་སྲིད་འཚོལ་ཐུབ་བམ 》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་ནས་ཏཱ་ལའི་ཤོད་སྟངས་ལ་དོགས་འདྲི་བྱས་ཏེ་ཏཱ་ལའི་ཡང་སྲིད་འཚོལ་བའི་སྲོལ་རྒྱུན་གྱི་བྱེད་སྟངས་མེད་པར་བཟོས་ཚེ་རྗེས་ཀྱི་ཏཱ་ལའི་བླ་མའི་སྐྱེ་ཕྲེང་གི་ཁྲིམས་མཐུན་རང་བཞིན་ཆུང་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། མཐར་གཏུགས་ནས་བཤད་ན། ཏཱ་ལས་ཡང་སྲིད་ནི “ཆོས་ལུགས་ཀྱི་བྱ་བ ”ཞིག་ཡིན་པར་ཁ་གཡར་ནས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས “ཐེ་ཇུས ”བྱེད་རྒྱུ་ཁས་མི་ལེན་པ་ནི་ཁོ་པས་ཕྱི་ཚུལ་དུ “བོད་རང་བཙན ”ཞེས་མ་བཤད་རུང་དོན་དངོས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་བའི་གདོང་རིས་སླར་ཡང་དམར་རྗེན་དུ་མངོན་པ་ཞིག་དང་། ཕྱི་ཚུལ་དུ “ཆོས་ལུགས་ཀྱི་བྱ་བར ”སྲུང་སྐྱོབ་བྱེད་ཁུལ་བྱས་རུང་དོན་དངོས་ཐོག “བོད་རང་བཙན ”ཆེད་ཆོས་ལུགས་ཀྱི་སྲོལ་རྒྱུན་འཛེམས་བག་མེད་པར་མེད་པ་བཟོ་རྒྱུ་དེ་ཡིན་པ་རེད།

        ཡང་སྲིད་ཀྱི་གནད་དོན་ནི “ཆོས་ལུགས་ཀྱི་ལས་དོན་ཞིག་ཡིན་པར ”བརྟེན་ལོ་རྒྱུས་དང་སྲོལ་རྒྱུན་ལ་བརྩི་འཇོག་བྱ་རྒྱུ་དེ་ནི་གལ་ཆེ་ཤོས་དང་རྒྱ་ཆེའི་དད་ལྡན་པ་ཚོའི་ཆོས་དད་ལ་བརྩི་འཇོག་བྱས་པ་ཞིག་རེད། དེ་ལས་ལྡོག་ཚེ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་རྒྱ་ཆེའི་མང་ཚོགས་ཚོའི་འདོད་བློར་བཙན་ཤེད་ཀྱིས་རྡོག་རོལ་བཏང་བ་ཞིག་རེད། ལོ་བརྒྱ་ཕྲག་ཁ་ཤས་ནང་བོད་རིགས་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་མང་ཚོགས་ཚོས་ཏཱ་ལ་སྐྱེ་ཕྲེང་ག་གེ་མོར་དད་པ་བྱས་པ་ཞིག་མིན་པར་ཁོང་ཚོས་དད་པ་བྱེད་ས་ནི་གདུང་བརྒྱུད་ཀྱི་གདན་རབས་དེ་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྲིད་ཀྱི་གནད་དོན་སྒེར་སྡེམ་བྱེད་པ་དང་། ལོ་རྒྱུས་ཀྱི་ངེས་སྲོལ་བསྐྱུར་བ། ཆོས་ལུགས་ཀྱི་སྲོལ་རྒྱུན་མེད་པར་བཟོ་རྒྱུ་བཅས་ཀྱི་རེ་ངན་བཅངས་པའི་གཏམ་འཆལ་དང་བྱེད་སྤྱོད་ནི་རང་གིས་རང་ཁས་མ་བླངས་པ་ཞིག་ཡིན་པ་མ་ཟད་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་མཆིལ་མ་བཞིན་དོར་རྒྱུ་ཡིན་པས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཏཱ་ལ་སྐྱེ་ཕྲེང་འདིའི་ངོ་ཚ་དགོས་པའི་ལོ་རྒྱུས་ཐོག་སླར་ཡང “ངོ་ཚ་དགོས་པའི ”ནང་དོན་ཞིག་བསྣན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།