དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་རྒྱུན་འཁྱོངས་བྱས་ནས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་ལ་སེམས་ཁྲལ་བྱེད་པའི་སེམས་པ་ནམ་ཡང་བཅངས་པ་དང་ཏང་དར་རྒྱས་གཏོང་བའི་འགན་འཁྲི་ལེགས་པར་འཁུར་ནས་སྔར་བས་འབད་འབུངས་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པའི་ཐོག་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཚེ་རང་རེའི་ཏང་གིས་སྔར་བས་ལེགས་པའི་ངང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་མདུན་དུ་ལངས་ཕོད་པ། སྤྱི་ཚོགས་ཡར་ཐོན་གྱི་སྣེ་ཁྲིད་བཅས་བྱེད་ཐུབ་ངེས་རེད ” བློ་མཐུན་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་ནང “ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་ཡོད ”ཅེས་སླར་ཡང་ནན་བཤད་གནང་སྟེ་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རྩ་བའི་གནས་བཞི་བཏོན་གནང་བ་དེ་ནི་སྲིད་ཏང་སྔོན་ཐོན་རང་བཞིན་གྱི་རིགས་པའི་གཞུང་ལུགས་སྐོར་གྱི་རང་རེའི་ཏང་གི་རྒྱས་བཤད་གསར་ཤོས་ཤིག་ཡིན་པས་ང་ཚོས་དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

        ཏང་གི་སྔོན་ཐོན་རང་བཞིན་འཛུགས་སྐྱོང་དེ་མར་ཁེ་སི་རིང་ལུགས་སྲིད་ཏང་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་ཀྱིས་གསར་འབྱེད་མདུན་སྐྱོད་བྱེད་པའི་ཏང་གི་བསམ་པའི་སྒུལ་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་ངང་མི་དམངས་ཆེད་ཁེ་ཕན་དོན་གཉེར་བྱེད་པ་དང་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་མི་བེད་སྤྱོད་གཏོང་བ་དང་འཇོན་ཐང་ཅན་རྒྱ་ཁྱབ་ངང་བསྡུ་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འདི་ཉིད་སྐྱོན་བྲལ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱེད་དགོས། “རྩ་བའི་གནས ”བཞི་དེ་དག་ནི་ལོ་ངོ་90ཡི་རིང་གི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་ཡིན་ལ་རང་རེའི་ཏང་གིས་འབྱུང་འགྱུར་ལ་ཕྱོགས་ཏེ་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་འགག་རྩའི་གནས་ཤིག་ཀྱང་ཡིན་པར་བརྟེན་ཁོང་དུ་ནན་པོ་ཆུད་པ་བྱས་ཚེ་རང་རེའི་ཏང་འདི་ཉིད་གཞི་ནས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ་མི་རིགས་ཀྱི་གདོང་ལེན་དང་དུས་རབས་ཀྱི་གདོང་ལེན་ཡིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་ཆུད་ཟོས་སུ་འགྲོ་མི་སྲིད།

        སྲིད་ཏང་ཞིག་གི་ངོས་ནས་བརྗོད་ན་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་འཚམ་པ་དང་མི་དམངས་ཀྱི་འདོད་བློ་དང་མཐུན་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཪྙེད་པ་བྱས་ནས་རང་ཉིད་ལ་དྲག་ཆས་སྤྲོས་རྒྱུ་དེ་ལས་སླ་པོ་གཏན་ནས་མིན། ལག་ལེན་ཁྲོད་བདེན་དོན་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་བཏང་ནས་ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་དེ་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུ་ནི་དེ་བས་གལ་ཆེ། ལོ་ངོ་90ཡི་རིང་སྲ་ཞིང་བརྟན་པའི་བསམ་བློའི་འཛུགས་སྐྱོང་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་རང་རེའི་ཏང་གིས་གཞི་ནས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་ ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱེད་ཐུབ།

        མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་རྩ་བའི་སྒུལ་ཤུགས་ཡིན་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བ་དང་སྲུང་སྐྱོང་བྱ་རྒྱུ་དེ་རང་རེའི་ཏང་གི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབ་ས་ཞིག་རེད། བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དེ་དང་ཁ་བྲལ་བ་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་དང་ཁ་བྲལ་ཚེ་ཏང་གི་སྔོན་ཐོན་རང་བཞིན་ནི་འབྱུང་ཁུངས་མེད་པའི་ཆུ་དང་རྩ་བ་མེད་པའི་ཤིང་ལྟ་བུར་འགྱུར་སྲིད། ལོ་ངོ་90ཡི་ཉམས་མྱོང་ལས་མི་དམངས་ཀྱི་ཁེ་ཕན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཀུན་སྤྱོད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དང་འབྲེལ་བ་བྱེད་པའི་དར་སྲོལ་ཤུགས་ཆེན་སྤེལ་བ་དང་། དམ་པ་དོན་གཉེར་གྱི་དར་སྲོལ་ཤུགས་ཆེན་སྤེལ་བ། དཀའ་སྤྱད་འབད་འཐབ་ཀྱི་དར་སྲོལ་ཤུགས་ཆེན་སྤེལ་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་དར་སྲོལ་ཤུགས་ཆེན་སྤེལ་བ་བཅས་བྱས་ཚེ་རང་རེའི་ཏང་ལ་གཞི་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ནས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་མང་པོ་ལས་རྣམ་པར་རྒྱལ་ཐུབ་པ་ར་འཕྲོད་བྱུང་ཡོད།

        རྩ་འཛུགས་འཛུགས་སྐྱོང་ནི་ཏང་གི་སྔོན་ཐོན་རང་བཞིན་འཛུགས་སྐྱོང་བྱེད་པའི་རྨང་གཞི་ཞིག་རེད། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་བེད་སྤྱོད་གཏོང་བའི་ལས་བྱེད་པའི་ལམ་ཕྱོགས་མཐའ་འཁྱོངས་བྱས་པར་བརྟེན་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་འཇོན་ཐང་ཅན་མང་པོ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་གཞི་ནས་གཅིག་སྡུད་ཐུབ་པ་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འབད་འབུངས་ཆེར་བསྐྱེད་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁག་མང་པོ་གསོ་སྐྱོང་དང་སྐྱེད་སྲིང་བྱས་པས་ཏང་གི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་བ་དང་ཏང་ཡོན་ལས་བྱེད་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་འཛུགས་ཀྱི་ཐོག་ནས་འགན་ལེན་ནུས་ལྡན་བྱས་ཡོད།

        “རྒྱལ་སྐྱོང་བྱེད་པར་ངེས་པར་དུ་སྔོན་ལ་ཏང་བཅོས་སྐྱོང་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ་བཅོས་སྐྱོང་ནན་པོ་བྱེད་དགོས ”ཞེས་པ་དེ་ནི་རང་རེའི་ཏང་གིས་སྲིད་སྐྱོང་གནང་ཚུན་རང་ཉིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་ཉམས་མྱོང་ཞིག་རེད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བརྒྱུད་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བར་འཕྲད་པའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡུན་རིང་སྲིད་སྐྱོང་དང་། སྒྱུར་བཅོས་སྒོ་དབྱེ། ཁྲོམ་རའི་དཔལ་འབྱོར། ཕྱི་ཕྱོགས་ཁོར་ཡུག་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་མདུན་དུ་དང་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་གྱི་མདུན་དུ་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་ལས་འགན་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ལྕི་བ་དང་དགོས་གཏུགས་ཆེ་བ་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱེད་པ་དང་རུལ་སུངས་དང་ངོ་འགྱུར་སྔོན་འགོག་དང་ཉམས་ཉེན་འགོག་ནུས་ཆེ་རུ་བཏང་ནས་མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་ལྷོད་གཡེང་སྤུ་ཙམ་མེད་པའི་ངང་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ལྷོད་གཡེང་སྤུ་ཙམ་མེད་པའི་ངང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས།

        ལོ་རྒྱུས་ཀྱི་ཉམས་མྱོང་ལས་སྔོན་ཐོན་རང་བཞིན་ནི་སྔོན་ནས་ཡོད་པ་ཞིག་མིན་ལ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་དེ་བས་མིན་པ་ར་འཕྲོད་བྱུང་ཡོད། ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་ཉམས་མྱོང་དང་བསླབ་བྱ་ང་ཚོས་སེམས་ནང་བརྟན་པོ་ངེས་དགོས། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོར་ང་རྒྱལ་ཁེངས་དྲེགས་བྱེད་པའི་རྒྱུ་མཚན་གང་ཡང་མེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་སྔར་བས་འབད་འབུངས་ཆེར་བསྐྱེད་ངང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་5ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།