དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཞི་བའི་བཅིངས་འགྲོལ་དང་ཏཱ་ལའི་རུ་ཚོགས་ཀྱི་ལས་དབང་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རྒྱལ་ཡོངས་མི་དམངས་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བའི་སྐབས་འདིར་ཐག་རིང་རྒྱ་གར་དུ་ཡོད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁོ་པའི་རུ་ཚོགས་ཆུང་ཆུང་དེས་སླར་ཡང “བོད་རང་བཙན ”གྱི་སྐད་ཅོར་རྒྱག་གི་ཡོད། ཏཱ་ལས་ངན་བཀོད་དང་འབྲེལ་ཞིབ་བཤེར་གཏན་འབེབས་བྱས་པའི་རྩ་ཁྲིམས་རྫུས་མ་པར་མ་གསར་པ་དེའི་ནང་མུ་མཐུད་བོད་ནི་དེ་སྔ “ཀྲུང་གོ་དང་རྒྱ་གར་དང་དཔུང་པ་མཉམ་གཤིབ་ཀྱི་རྒྱལ་ཁབ་ཅིག་རེད ”ཅེས་དང “ཀྲུང་གོ་སྲིད་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་དང་བོད་ཀྱི་མང་ཚོགས་ལ་དྲག་གནོན་བྱས་ཡོད ”ཅེས་རྫུན་གཏམ་བཤད་པ་དེ་ཐོག་ནས་རུ་ཚོགས་ཆུང་ཆུང་དེས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ལངས་ཕྱོགས་མཁྲེགས་བཟུང་བྱས་པ་སླར་ཡང་མངོན་གྱི་ཡོད། 1979ལོར་བློ་མཐུན་ཏེང་ཞའོ་ཕིང་གིས “རྩ་བའི་གནད་དོན་ནི་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་མིན་དེ་ཡིན། འགྲིག་དང་མི་འགྲིག་ནི་ཚད་གཞི་དེ་ཐོག་ནས་བརྡར་ཤ་གཅོད་དགོས ”ཞེས་རྣོ་ངར་ཆེན་པོས་བསྟན་ཡོད། ཏཱ་ལ་དང་དེའི་རུ་ཚོགས་ཆུང་ཆུང་དེས་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མི་ལེན་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁས་མི་ལེན་པ་ནས་འགོ་ཚུགས་ཏེ་གོམ་སྟབས་རེ་རེ་བཞིན་གཡང་ལ་མཆོང་བ་དང་སྐྱོབ་ཐབས་བྲལ་པའི་ཕམ་ཉེས་ཀྱི་ལས་དབང་འགོ་ཚུགས་ཡོད།

        བོད་ཞི་བས་བཅིངས་འགྲོལ་གཏོང་བ་ནི་ཀྲུང་གོ་གཅིག་གྱུར་གྱི་འཕེལ་ཕྱོགས་ཆེན་པོ་ཞིག་རེད།

        བོད་ཞི་བས་བཅིངས་འགྲོལ་གཏོང་བ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་ཉེ་རབས་ལོ་100ཙམ་ནང་ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁབ་གཅིག་གྱུར་ཡོང་བའི་རླབས་ཆེན་འཐབ་རྩོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

        བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ཉེ་རབས་ནས་བཟུང་བོད་འདི་མེས་རྒྱལ་ནང་ས་དང་འདྲ་བར་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕོག་པ་དང་དེ་དང་དུས་མཚུངས་བོད་མི་དམངས་ཀྱིས་མེས་རྒྱལ་ནང་སའི་མི་དམངས་དང་མཉམ་དུ་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་བྱས་ཡོད། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་ཀྲུང་གོར་ཕྱིའི་བཙན་འཛུལ་རྒྱུན་མི་ཆད་པ་དང་། ནང་གི་འཁྲུག་རྩོད་ཡང་ཡང་བྱུང་ནས་ཀྲུང་དབྱང་སྲིད་གཞུང་སྟོབས་ཆུང་རེད། བཙན་རྒྱལ་རིང་ལུགས་དང་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་མཐོ་རིམ་ཕྱོགས་གཏོགས་ཀྱིས་གོ་སྐབས་བཙལ་ནས “བོད་རང་བཙན ”ཡོང་ཐབས་གང་ཐུབ་བྱས་ཀྱང་མིན་གོ་སྲིད་གཞུང་གིས་བཅའ་ཁྲིམས་ཁྱབ་བསྒྲགས་བྱེད་པ་དང་། བོད་སོག་ཨུ་ཡོན་ལྷན་ཁང་འཛུགས་པ། དམག་དཔུང་མངག་གཏོང་བྱེད་པ། ཏཱ་ལ་དང་པཎ་ཆེན་ལ་མུ་མཐུད་ཆོ་ལོ་སྤྲོད་པ། དབྱིན་ཇི་དང་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་མཐོ་རིམ་ཕྱོགས་གཏོགས་ཀྱིས་བཟོས་པའི་ཁྲིམས་འགལ་གྱི “སིམ་ལའི་ཆིངས་ཡིག ”ངོ་རྒོལ་བྱེད་པ་སོགས་ཀྱི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་ལ་ཡོད་པའི་བོད་ཀྱི་བདག་དབང་མཐའ་འཁྱོངས་གང་ཐུབ་བྱས་ཡོད། 1912ལོ་དང་1931ལོར་གཏན་ལ་ཕབ་པའི 《ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས 》དང 《ཀྲུང་ཧྭ་མིན་གོའི་སློབ་སྲིད་སྐབས་ཀྱི་སྡོམ་ཁྲིམས 》ནང་བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན་པ་གཏན་འབེབས་བྱས་ཡོད། རྣམ་པ་གང་རུང་གི “བོད་རང་བཙན ”ལ་ཀྲུང་གོ་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་པ་མ་ཟད “བོད་རང་བཙན ”ཁས་ལེན་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་མྱོང་མེད། 1954ལོར་རྒྱ་གར་གྱི་ཙུང་ལི་ཉི་ཧོ་ལུའུ་ཡིས་རྒྱ་གར་གྱི་མི་དམངས་ཁང་དུ་གཏམ་བཤད་གནང་སྐབས “འདས་ཟིན་པའི་ལོ་བརྒྱ་ཕྲག་ནང་དུས་གང་ཞིག་ཏུ་ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་ཀྲུང་གོའི་བོད་ཀྱི་བདག་དབང་ཁས་མ་བླངས་པ་ངས་གོ་མྱོང་མེད ”ཅེས་བསྟན་ཡོད།

        1949ལོར་ཀྲུང་གོ་གསར་པ་དབུ་བཪྙེས་ཞིང་། ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་བོད་བཅིངས་འགྲོལ་བཏང་ནས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གསར་པས་བོད་ཀྱི་བདག་དབང་སྤྱོད་རྒྱུ་ནི་སྨོས་མེད་ཅིག་དང་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད། ཞི་བའི་བྱ་ཐབས་དང་ཡང་ན་ཞི་བ་མ་ཡིན་པའི་བྱ་ཐབས་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱ་ཐབས་ཀྱི་གནད་དོན་ཙམ་ཞིག་རེད། 1950ལོའི་ཟླ་བཅུ་པར་མའོ་ཀྲུའུ་ཞིས “བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན། བོད་ཀྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཀྱི་གནད་དོན་ཞིག་རེད། མི་དམངས་བཅིངས་འགྲོལ་དམག་ངེས་པར་དུ་བོད་དུ་སྐྱོད་དགོས ”ཞེས་མཛུབ་སྟོན་གནང་ཡོད། དམག་འཁྲུག་ལས་བོད་མི་དམངས་ལ་གྱོང་གུན་བཟོ་རྒྱུ་ཉུང་དུ་གཏོང་ཆེད་ས་གནས་གཞན་དག་ཏུ་ཞི་བས་བཅིངས་འགྲོལ་གཏོང་བའི་ཉམས་མྱོང་བླངས་ཏེ་ཀྲུང་དབྱང་གིས་ཞི་བའི་བཅིངས་འགྲོལ་གྱི་བྱེད་ཕྱོགས་གཏན་ལ་ཕབ། འོན་ཏེ་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་མཐོ་རིམ་ཕྱོགས་གཏོགས་ཀྱིས་གོ་མིན་ཏང་ཕམ་ཉེས་བྱུང་བའི་གོ་སྐབས་དང་བསྟུན་ཏེ་མངོན་སུམ་འཛེམ་མེད་ངང “བོད་རང་བཙན ”གྱི་དར་རྟགས་འཕྱར་ཏེ་བོད་སྡོད་གོ་མིན་སྲིད་གཞུང་གི་དོན་གཅོད་ཁང་ཕྱིར་འབུད་བྱས་པ་དང་གང་ས་གང་དུ “མཛའ་མཐུན་ཕོ་ཉ་ཚོགས་པ ”བཏང་ནས་རྒྱལ་སྤྱིའི་ཐོག་ཁས་ལེན་ཡོང་ཐབས་བྱེད་པ་དང་། རྒྱལ་ཁབ་ཁག་གཅིག་ནས་གོ་མཚོན་ཉོས་ཏེ་དྲག་ཤུགས་ལ་བརྟེན་ནས་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་རྒྱུར་བཀག་འགོག་བྱ་རྒྱུའི་རེ་ངན་འཆང་། ཕྱོགས་མང་པོའི་བར་འདུམ་ལ་ཕན་ནུས་མི་ཐོན་པའི་གནས་ཚུལ་འོག་ཀྲུང་དབྱང་གིས “འཐབ་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་མ་གཏོང་རྒྱུའི ”གཏན་འབེབས་གནང་བ་དང་1950ལོའི་ཟླ་བཅུ་པར་ཆབ་མདོའི་གཡུལ་འགྱེད་བཤམས་ནས་མི་དམངས་བཅིངས་འགྲོལ་དམག་ལ་དྲག་ཤུགས་ལ་བརྟེན་ནས་ཁ་གཏད་གཅོག་རྒྱུའི་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཀྱི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས་བོད་ཀྱི་རྒྱལ་གཅེས་ཡར་ཐོན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན་ཞི་བའི་གྲོས་མོལ་མངོན་འགྱུར་བྱུང་བ་རེད།

        ཆབ་མདོའི་གཡུལ་འགྱེད་ཀྱི་རྗེས་སུ་ལོ་16ལ་སླེབས་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྔོན་ཚུད་དུ་སྲིད་འགན་ཁུར་ཞིང་། སྐབས་དེ་དུས་ཏཱ་ལ་ནི་བཙན་རྒྱལ་རིང་ལུགས་དང་བཙན་རྒྱལ་རིང་ལུགས་དགའ་ཉེར་བསྟེན་མཁན་བོད་ཀྱི་མཐོ་རིམ་ཕྱོགས་གཏོགས་ཀྱི་མཐའ་འཁོར་དུ་ཚུད་ནས་སེམས་ནང་འགལ་ཟླ་ཆེན་པོ་ཡོད།

        ཁོ་པ་གྲོ་མོར་བསྐྱོད་ནས་མཐའ་མཚམས་སུ་བསྡད་དེ་ཕྱོགས་གཅིག་ནས་རྒྱལ་ནང་གི་དུས་བབ་ལ་བབ་ལྟ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་བཙན་རྒྱལ་རིང་ལུགས་ཀྱི་རོགས་སྐྱོབ་ཐོབ་ཐབས་དང་ཕྱི་རྒྱལ་དུ་བྲོས་རྩིས་བྱས་ནས་བསྡད། རང་རེའི་ཆབ་སྲིད་ཀྱི་སྟོབས་ཤུགས་དང་དམག་དོན་གྱི་གནོན་ཤུགས་འོག་དང་ང་ཕོད་ངག་དབང་འཇིགས་མེད་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་ཚུད་པའི་བོད་ཀྱི་མཐོ་རིམ་རྒྱལ་གཅེས་སྟོབས་ཤུགས་ཀྱི་སྐུལ་མའི་འོག “བོད་རང་བཙན ”ལ་རྒྱབ་སྐྱོར་བྱེད་ཕོད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་པའི་དབང་གིས་ཏཱ་ལས་གཙོས་པའི་བོད་ས་གནས་སྲིད་གཞུང་གིས་མཐར་པེ་ཅིང་དུ་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་པར་སྐུ་ཚབ་མངགས་པ་རེད། བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན (“གྲོས་མཐུན་དོན་ཚན་བཅུ་བདུན ”)ལ་མིང་རྟགས་བཀོད་རྗེས་ཏཱ་ལས་མའོ་ཀྲུའུ་ཞིར་ཏར་འཕྲིན་ཕུལ་ཏེ “བོད་ས་གནས་སྲིད་གཞུང་དང་དེ་བཞིན་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས་བརྩི་བཀུར་ཞུ་རྒྱུ་དང་འབྲེལ་མའོ་ཀྲུའུ་ཞི་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་དཔུང་སྡེར་གཞོགས་འདེགས་ཧུར་ཐག་དང་། རྒྱལ་སྲུང་སྲ་བརྟན་དུ་གཏོང་རྒྱུ། བོད་དུ་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་གཏོང་རྒྱུ། མེས་རྒྱལ་གྱི་མངའ་ཁོངས་དང་བདག་དབང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ཡིན ”ཞེས་འཁོད་ཡོད། སྐབས་དེར་ཏཱ་ལས་ཚེ་འདིར་ཉུང་ཤས་ལས་མེད་པའི་གདམ་ག་ཡང་དག་ཅིག་བྱས། ཀྲུང་དབྱང་གིས་ཏཱ་ལར་ཆབ་སྲིད་ཀྱི་ཐོབ་ཐང་ཧ་ཅང་མཐོ་པོ་གནང་བ་དང་1954ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོར་ཞུགས་པ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པར་འདེམས་ཐོན་བྱུང་བ་དང་། 1956ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་འཁུར། 1959ལོར་ཁོ་པས་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ཕྱི་རྒྱལ་དུ་བྲོས་ནའང་ཀྲུང་དབྱང་གིས་ཁོ་པའི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་དེ་1964ལོ་བར་སོར་འཇོག་གནང་ཡོད། བློ་ཕམ་པ་ཞིག་ལ་ཏཱ་ལ་རང་ཉིད་ཀྱིས་སོ་སོའི་མི་ཚེའི་འོད་ཟེར་འཕྲོ་བའི་ཤོག་ལྷེ་དེ་བཙོག་པ་བཟོས་པ་རེད།

        དུས་ཡུན་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འགྲན་རྩོད།

        བོད་ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའམ་ཡང་ན་མུ་མཐུད་ཀྲུང་གོའི་ཁོངས་སུ་གཅིག་གྱུར་ཡོང་བ་བྱེད་པའི་གནད་དོན་དེ་ཐག་གཅོད་བྱས་པ་དང་། དུས་མཚུངས་བོད་ཪྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་ཡང་བཏོད་ཡོད། “གྲོས་མཐུན་དོན་ཚན་བཅུ་བདུན ”ནང “བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ཀྲུང་དབྱང་ནས་བཙན་ཤེད་མི་བྱེད་པར་བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་དགོས ”ཞེས་གཏན་འབེབས་གནང་ཡོད། ཀྲུང་དབྱང་གིས་ངང་རྒྱུད་རིང་པོའི་ཐོག་ནས་བོད་ཀྱི་མཐོ་རིམ་གྱིས “རང་འགུལ ”བྱ་རྒྱུར་སྒུག་ནས་བཅོས་སྒྱུར་ནར་འགྱངས་བྱ་རྒྱུའི་ཐབས་ཇུས་ཡང་ཡང་བཏོན་གནང་ཡང་བོད་ཀྱི་མཐོ་རིམ་ལོག་སྤྱོད་པའི་བསམ་ཕྱོགས་ནི་བཅོས་སྒྱུར་ནར་འགྱངས་བྱ་རྒྱུ་མིན་པར་ནམ་ཡང་བཅོས་སྒྱུར་མི་བྱེད་པ་དེ་རེད། དེར་བརྟེན་ཁོ་པ་ཚོས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་ཐབས་ཤེས་དེ་ལས་མེད་པའི་ངོས་འཛིན་བྱས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་དུས་ཡུན་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་འགྲན་རྩོད་བྱེད་འགོ་ཚུགས།

        1952ལོ་ནས་བཟུང་བོད་ཀྱི་མཐོ་རིམ་ལོག་སྤྱོད་པས་ལྷ་སར་ཁྲིམས་འགལ་གྱི “མི་དམངས་གྲོས་ཚོགས ”བཙུགས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མངོན་སུམ་འཛེམས་མེད་ངང་ངོ་རྒོལ་དང་། མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་བྱེད་པར་ངོ་རྒོལ། དམངས་གཙོའི་བཅོས་སྒྱུར་ལ་ངོ་རྒོལ་བཅས་བྱས་ཡོད། དེ་རྗེས་སླར་ཡང “ཆུ་བཞི་སྒང་དྲུག་བསྟན་སྲུང་དམག ”སོགས་ལོག་སྤྱོད་དྲག་དཔུང་བཙུགས་ཏེ་ས་ཆ་ཆ་ཤས་སུ་ངོ་ལོག་ཟིང་འཁྲུག་བསླངས་ནས་བོད་དུ་བཅའ་སྡོད་རང་རེའི་ལས་ཁུངས་དང་དཔུང་སྡེར་འཇབ་རྒོལ་བྱས་པ་དང་བོད་ཀྱི་དམངས་ཚོགས་སྙིང་རྗེ་མེད་པའི་ངང་དམར་གསོད་བཏང་བ་དང་འཕྲོག་བཅོམ་བྱས། འོན་ཀྱང་འགག་རྩའི་དུས་དེར་ཏཱ་ལས་ཁོ་པའི་ཚེ་གང་རིང་གི་ནོར་འཁྲུལ་ཆེ་ཤོས་ཀྱི་གདམ་ག་བྱས་ནས་མི་དམངས་དང་མཉམ་དུ་མི་ལངས་པར་ངོ་ལོག་ཟིང་འཁྲུག་གི་ཕྱོགས་གཏོགས་དང་གོམ་སྟབས་རེ་རེ་བཞིན་དུ་ཉེ་རུ་བཏང་། 1957ལོའི་ཟླ་བ་བདུན་པར་ཁོ་པས་ངོ་ལོག་ཟིང་འཁྲུག་པས་ཕུལ་བའི “གསེར་ཁྲི ”དང་ལེན་བྱས་པ་མ་ཟད་ལག་རྟགས་དང་ཁ་བཏགས་སྤྲད་པ་དེས་ངོ་ལོག་ཟིང་འཁྲུག་ཕྱོགས་གཏོགས་ཀྱི་ངར་ཤུགས་ཧ་ཅང་ཆེ་རུ་ཕྱིན། ཏཱ་ལའི་ངན་སྐྱོར་འོག་1959ལོར་བོད་ཀྱི་མཐོ་རིམ་ལོག་སྤྱོད་པས་ལྷ་སར་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས། ངོ་ལོག་ཟིང་འཁྲུག་ཕམ་རྗེས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་སྣེ་ཁྲིད་འོག་ཏཱ་ལ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བ་མ་ཟད། ལམ་བར་དུ་སྒུག་ཐབས་བྲལ་བའི་ངང་གྲོས་མཐུན་དོན་ཚན་བཅུ་བདུན་མངོན་སུམ་འཛེམས་མེད་ངང་རྩིས་མེད་དུ་བཏང་བ་རེད། ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་ཁྱབ་བསྒྲགས་གནང་སྟེ་བོད་ས་གནས་སྲིད་གཞུང་གི་བཀའ་བློན་མང་ཆེ་བ་དང་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་དུ་བཏང་ནས་མེས་རྒྱལ་ལ་རྒྱབ་གཏོད་བྱས་པ་དང་གཅིག་གྱུར་ལ་གཏོར་བཤིག་བཏང་བ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བ་ཞིག་ཡིན་པར་བརྟེན་དེ་སྔའི་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་འཁུར་རྒྱུའི་གཏན་འབེབས་གནང་། ཏཱ་ལར་ལམ་ནོར་ལྡོག་ཤེས་བྱ་རྒྱུའི་གོ་སྐབས་སྤྲོད་ཕྱིར་སྐབས་དེར་ཀྲུང་དབྱང་གིས་ཕྱི་ཕྱོགས་ལ་ཏཱ་ལ་ནི་ངོ་ལོག་ཟིང་འཁྲུག་པས་བཙན་ཁྲིད་བྱས་པ་རེད་ཅེས་བརྗོད་ཡོད་མོད། འོན་ཀྱང་ཏཱ་ལ་ནི་ཁ་ཕྲལ་རིང་ལུགས་པའི་རྫབ་དོང་ནང་ལྷུང་སྟེ་ཐར་ཐབས་མེད་པར་གྱུར་ནས་ཀྲུང་དབྱང་གིས་ཁོ་པར་སློབ་གསོ་བསྐྱོན་པ་དང་སྐྱོབ་ཐབས་གནང་བ་དང་རྦད་དེ་རྒྱབ་འགལ་བྱས། ཏཱ་ལའི་རུ་ཚོགས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་དེས་དམངས་གཙོའི་བཅོས་སྒྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ་པ་མ་ཟད་བཅོས་སྒྱུར་སྔ་བསྣུར་དུ་བྱ་རྒྱུར་སྐུལ་མའང་ཐེབས་པ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་ཐོར་འགྲོ་མགྱོགས་སུ་ཕྱིན་ཡོད།

        ཏཱ་ལ་ངོ་ལོག་བྲོས་བྱོལ་དུ་སོང་རྗེས་ཕྱི་རྒྱལ་ཕྱོགས་གཏོགས་ཀྱི་ངན་སྐྱོར་འོག “བོད་རྒྱལ་ཁབ ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྲིད་གཞུང་རྫུས་མ་དང་གྲོས་ཚོགས་ཁང་རྫུས་མ་བཙུགས་པ་དང་རྩ་ཁྲིམས་རྫུས་མ་ཁྱབ་བསྒྲགས་ཀྱང་བྱས་ཏེ་ངོ་ལོག་ཟིང་འཁྲུག་གི་དྲག་དཔུང་རྟེན་གཞིའང་བཙུགས་ཏེ་དུས་ཡུན་རིང་པོའི་ནང་ཀྲུང་གོའི་མཐའ་མཚམས་སུ་དྲག་པོའི་རྒོལ་དཀྲུག་བྱས་ཡོད། 1962ལོར་ཕྱི་རྒྱལ་གྱི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་མཉམ་དུ་བཀོད་འདོམས་བྱས་ནས་བཙུགས་པའི “དམིགས་བསལ་མཐའ་མཚམས་དཔུང་སྡེར ”མང་ཤོས་ཀྱི་དུས་སུ་མི་16000ཡོད། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་སྔ་རྗེས་སུ་ལྐོག་ཏུ་ངོ་ལོག་ཟིང་འཁྲུག་པའི་ཁྲོད་ནས་མི་170ལྷག་ཙམ (དེའི་ནང་ཡོད་པའི་མི་ཁག་གཅིག་གིས་མི་300ལྷག་ཙམ་ཡོད་ཅེས་བརྗོད་ཀྱི་ཡོད )ལེགས་འདེམས་ཀྱིས་སའེ་པན་གླིང་ཕྲན་དང་ཁོ་ལོའུ་ལ་ཏོའུ་ཀྲོའུ་ལོའུ་ཅི་རི་བོར་སྦྱོང་བརྡར་བྱེད་པར་བསྐྱལ་རྗེས་གནམ་གྲུ་ནས་དབྱུགས་ཏེ་བོད་དུ་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་བ་དང་རྒོལ་དཀྲུག་བྱེད་པར་བསྐྱལ། ཏཱ་ལའི་རུ་ཚོགས་ཀྱིས་ལོ་རབས་དྲུག་ཅུ་པ་ཧྲིལ་པོར་བྱེད་སྤྱོད་དེ་རིགས་སྤེལ་ཡོད། 1964ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོགས་འདུ་ཐེངས་151པའི་ཐོག 《ཏཱ་ལའི་གོ་གནས་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས 》ལ་གྲོས་མཐུན་བྱུང་སྟེ་ཏཱ་ལས་1959ལོར་མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་གསར་བརྗེར་ངོ་རྒོལ་གྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་རྗེས་ཡུལ་གྱར་སྲིད་གཞུང་རྫུས་མ་བཙུགས་པ་དང་རྩ་ཁྲིམས་རྫུས་མ་ཁྱབ་བསྒྲགས་བྱས་པ་མ་ཟད། ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བའི་ངོ་ལོག་ཟིང་འཁྲུག་གི་དྲག་དཔུང་ལྷག་འཕྲོ་སྒྲིག་འཛུགས་དང་སྦྱོང་བརྡར་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་ལ་འགོག་རྐྱེན་བཟོས་པ་དེ་ཐོག་ནས་ཁོ་པ་ནི་སྔ་ས་ནས་མེས་རྒྱལ་དང་མི་དམངས་ལ་རྒྱབ་གཏོད་བྱེད་མཁན་དང་ངན་སེམས་འགྱུར་མེད་ངང་བཙན་རྒྱལ་རིང་ལུགས་དང་ཕྱི་རྒྱལ་གྱི་ལོག་སྤྱོད་ཤོག་ཁག་གི་ལག་ཆར་གྱུར་པའི་མེས་རྒྱལ་ལ་རྒྱབ་གཏོད་བྱེད་མཁན་ཞིག་ཡིན་ལུགས་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་བསྟན་ཡོད། སྐབས་དེར་ཀྲུང་དབྱང་གིས་ཏཱ་ལའི་ཆབ་སྲིད་ཀྱི་ངོ་བོ་དངོས་སུ་གཏན་འཁེལ་གནང་ཡོད། ཀྲུང་དབྱང་གི “མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་ཆབ་སྲིད་ཀྱི་བརྩོན་ལེན་ཤུགས་ཆེར་བྱས་ཏེ་དམག་དོན་གྱི་རྡུང་རྡེག་ནུས་ལྡན་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་དགོས ”ཞེས་པའི་མཛད་ཕྱོགས་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་དང་བོད་སྡོད་དཔུང་སྡེས་ཏཱ་ལའི་རུ་ཚོགས་ཀྱི་ངོ་ལོག་ཟིང་འཁྲུག་དང་རྒོལ་དཀྲུག་བྱེད་སྒོར་རྡུང་རྡེག་ནུས་ལྡན་བཏང་ཡོད་པ་རེད། 1974ལོར་ནེ་པ་ལ་སྲིད་གཞུང་གིས་མུའུ་སི་ཐང་ས་ཁུལ་དུ་ཧམ་སྡོད་བྱེད་མཁན་“ཆུ་བཞི་སྒང་དྲུག་བསྟན་སྲུང་དམག ”རྩ་མེད་དུ་བཏང་སྟབས་ཏཱ་ལའི་རུ་ཚོགས་ཀྱིས་དྲག་ཤུགས་ཀྱི་ཐོག་ནས་ཁ་ཕྲལ་གཏོང་བ་དང་རོ་ལངས་རྒྱག་རྒྱུའི་སྟོང་བསམ་རྦད་དེ་མེད་པར་གྱུར་པ་རེད། ལོ་རབས་70པ་ནས་80པའི་དུས་འགོར་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་འགྲོ་བ་དང་རྒྱལ་སྤྱིའི་ཁོར་ཡུག་འགྱུར་ལྡོག་འགྲོ་བ་དང་སྦྲགས་ཏཱ་ལའི་རུ་ཚོགས་ལ་དེ་སྔོན་གྱི་སྦྱིན་བདག་གིས་ཁ་ཡ་མ་བྱས་པས་དུས་སྐབས་ཤིག་རིང “འཇམ་འཐབ་ཀྱི་དྭ་ཕྲུག ”ཅིག་ལ་གྱུར་སྟབས་ཏཱ་ལས་འཐབ་ཇུས་ལེགས་སྒྲིག་དང་གཡོ་ཐབས་མི་འགྱུར་ཀ་མེད་བྱུང་ནས་མགོ་སྐོར་རང་བཞིན་དེ་བས་ཆེ་བའི “དབུ་མའི་ལམ ”དང “འཚེ་མེད་ཞི་བར ”སྒྲོ་འདོགས་བྱེད་འགོ་ཚུགས། ཏཱ་ལར་མུ་མཐུད་སློབ་གསོ་བརྒྱབ་ནས་སྐྱོབ་ཆེད་ཁོ་པས་གཉེན་ཉེ་དང་འཐུས་མི་ཚོགས་པ་རང་རྒྱལ་དུ་ལྟ་སྐོར་བྱེད་པར་བཏང་སྟེ་ཀྲུང་དབྱང་གི་སྲིད་ཇུས་དང་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་ཀྲུང་དབྱང་གིས་མོས་མཐུན་གནང་རུང་ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་ནང་དུ་ལྟ་སྐོར་བྱེད་པའི་གོ་སྐབས་དེ་དང་བསྟུན་ཏེ “བོད་རང་བཙན ”འུད་སྒྲོག་བྱེད་པ་དང་། མི་སེམས་བསླུ་བ། ཟང་ཟིང་བཟོ་བ་བཅས་བྱས་ཤིང་། 1987ལོར་ཏཱ་ལས་ནུབ་ཕྱོགས་རྒྱལ་ཁབ་ལ “དབུ་མའི་ལམ ”གྱི་ཚད་གཞི་བཏོན་པ་དེའི་ལྟེ་བའི་ནང་དོན་ནི་བོད་འདི་ཉིད་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མི་ལེན་པ་དང་ལོ་རྒྱུས་ཐོག་དུས་ནམ་ཡང་མི་གནས་པའི “བོད་ཆེན་པོ ”མངོན་འགྱུར་ཡོང་རྒྱུའི་རེ་བ་བཏོན་པ་དང་། རང་བཙན་རྒྱལ་ཁབ་དང་གཅིག་མཚུངས་ཡིན་པའི “ཚད་མཐོའི་རང་སྐྱོང ”ལག་བསྟར་བྱེད་རྒྱུའི་རེ་བ་བཏོན་པ། ཀྲུང་གོའི་དམག་དཔུང “བོད་ཆེན་པོ ”ནས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་པ། “བོད་ཆེན་པོ ”ནས་རྒྱ་མི་ཚང་མ་ཕྱིར་འབུད་བྱ་རྒྱུའི་རེ་བ་བཏོན་པ་རེད། དོན་ཚན་ཁག་ལྔ་པོ་དེ་དག་ཚང་མའི་ནང “བོད་རང་བཙན ”བསྟན་ཁར་གཅིག་ཏུ་བསྡུས་ན “བོད་རང་བཙན ”འཁྲུལ་མེད་ཅིག་ཡིན་པ་རེད། ཏཱ་ལའི་རུ་ཚོགས་ཀྱིས་ལོ་གསུམ་བསྟུད་མར་ལྷ་སར “བོད་རང་བཙན ”དེ་དམིགས་ཡུལ་དུ་བྱེད་པའི་ཟིང་ཆའི་དོན་རྐྱེན་གྲངས་ལས་འདས་པ་ཤིག་བཟོས་ནས་1989ལོའི་ཟླ་3ཚེས་5ཉིན་གཞི་ཁྱོན་ཆེ་བའི་ཟིང་ཆའི་དོན་རྐྱེན་བསླངས་པ་རེད། ཟླ་3ཚེས་8ཉིན་ཀྲུང་དབྱང་གིས་ཐུགས་ཐག་ཆོད་པོས་ལྷ་སར་ཉེན་ཟོན་དམ་བསྒྲགས་བྱས་ཏེ་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་ཤུགས་ཆེན་གཏོང་རྒྱུའི་གཏན་འབེབས་གནང་ཡོད། 1989ལོར་པེ་ཅིང་དུ “དྲུག་·བཞིའི ”དོན་རྐྱེན་ཐོན་པ་དང་དེ་རྗེས་དེ་སྔའི་སུའུ་ལེན་དང་ཡོ་རོབ་ཤར་མའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་ཏཱ་ལས་དུས་བབ་ལ་ཚོད་དཔག་བྱེད་ནོར་ཤོར་ཁར་ད་དུང་ནུབ་ཕྱོགས་རྒྱལ་ཁབ་ནས “དུས་ཐོག་ཏུ ”ནུའོ་པེར་ཞི་བདེའི་བྱ་དགའ་ཐོབ་སྟབས་ས་ཕྱོགས་གང་སར་ཀྲུང་གོ་གུང་ཁྲན་ཏང་ལོ་ལྔ་ནས་བཅུ་ནང་ཚུན་དང་ཐ་ན་ལོ་གཅིག་ནང་ཐོར་ཞིག་ཏུ་འགྲོ་རྒྱུ་དང “བོད་རང་བཙན་གྱི་ཉིན་མོ་འཆར་ཉེར་ཡོད ”ཅེས་འུད་སྒྲོག་བྱས་པ་དང “མགྱོཌ་མྱུར་ཐོར་ཞིག་འགྲོ་ཉེར་ཡོད་པའི་སྲིད་དབང་ཞིག་དང་གྲོས་མོལ་བྱེད་ཀྱི་མིན ”ཞེས་བཤད་ཡོད། 1989ལོར་ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་རྒྱུའི་གཏན་འབེབས་གལ་ཆེན་གནང་ནས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་འགྱུར་བྱུང་ཡོད། བོད་ཀྱི་དུས་བབ་ཇེ་ཡག་ཏུ་འགྲོ་བའི་དབང་གིས་ཏཱ་ལའི་རུ་ཚོགས་ཀྱི་སྟོང་བསམ་སླར་ཡང་མེད་པ་བཟོས་ནས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ “དབུ་མའི་ལམ ”ཞེས་པའི་དར་རྟགས་དེ་སླར་ཡང་མི་སྒྲུག་ཀ་མེད་བྱུང་བ་རེད།

        2008ལོར་ཏཱ་ལའི་རུ་ཚོགས་ཀྱིས “བོད་རང་བཙན ”གྱི་བྱ་གཞག་ཚད་བརྒལ་ཡོང་གཞིར་བརྩི་བའི་གོ་སྐབས་གལ་ཆེན་ཏེ “ཀྲུང་གོས་2008ལོའི་ཨའོ་རྩལ་འགྲན་ཚོགས་གཉེར་བའི་གོ་སྐབས་སྤྱད་དེ་བྱེད་སྒོ་སྣ་ཚོགས་སྤེལ་ནས་2008ལོའམ་ཡང་ན་སླད་ཕྱིན་གྱི་ལོ་གཉིས་ནང་ཀྲུང་གོ་སྲིད་གཞུང་ལ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན ”ཞེས་བཤད་པ་རེད། ཏཱ་ལའི་རུ་ཚོགས་ཀྱིས་ངན་ཇུས་བཤམས་པ་དང་བཟོས་པའི་ལྷ་སའི “3·14” རྡུང་གཅོག་འཕྲོག་སྲེག་གི་དོན་རྐྱེན་ཚབས་ཆེན་གྱི་ཐོག་ནས་ཏཱ་ལའི་རུ་ཚོགས་ཀྱི་ཕམ་འདོད་མེད་པ་དང་ཐབས་ཟད་ཉེན་མཆོང་གི་སེམས་ཁམས་གསལ་པོར་མངོན་ཐུབ། ཀྲུང་དབྱང་གི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་མྱུར་དུ་སྤྱད་པས་གནས་ཚུལ་མགྱོགས་པོ་ཚོད་འཛིན་ཐུབ་སྟེ་ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས་ལ་རྡུང་རྡེག་ནན་པོ་ཕོག་པ་མ་ཟད། ད་དུང་ཏཱ་ལའི་གཏུམ་སྤྱོད་དེར་བོད་རིགས་ཚུད་པའི་རྒྱལ་ཡོངས་མི་དམངས་ཀྱིས་གཅིག་མཐུན་ཐོག་རྒོལ་གཏམ་བཏང་ནས་ཕྱིར་སྡོད་རང་མི་དང་ཀྲུང་གོ་བས་དཔའ་ངར་ཆེན་པོས་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྐྱེལ་བྱ་རྒྱུར་སྲུང་སྐྱོང་བྱས་པ་རེད། 2008ལོའི་དུས་མཚམས་ཤིག་རིང་གནས་སྐབས “རྫིག་པོ ”བྱས་རྗེས་ཏཱ་ལས་རྒྱལ་སྤྱིའི་ཐོག་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་སླར་ཡང་ཁ་ཡ་བྱེད་མཁན་མ་བྱུང་བའི་ཐོག “བོད་རང་བཙན ”དང “དབུ་མའི་ལམ ”དེ་ཉིན་རེ་བཞིན་རྒྱལ་སྤྱིའི་ཐོག་གི་བཞད་གད་ཀྱི་གཞི་ཞིག་ཏུ་གྱུར་ཡོད།

        ཏཱ་ལའི་རུ་ཚོགས་ཀྱིས་ལོ་ལྔ་བཅུ་ལྷག་ཙམ་རིང་བྱེད་སྤྱོད་སྤེལ་བའི་ཐོག་ནས་ཁོ་པ་ཚོས་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་ཡོད་སྙམ་ནས “བོད་རང་བཙན ”དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུའི་དམིགས་ཚད་དམ་པོར་བཟུང་བ་དེས་ཏཱ་ལའི་རུ་ཚོགས “ཕུང་དཀྲུག་བསླངས། ཕམ། སླར་ཡང་ཕུང་དཀྲུག་བསླངས། སླར་ཡང་ཕམ་པའི ”“འཁོར་བའི ”ནང་དུ་ཚུད་ཅིང་། ཏཱ་ལའི་རུ་ཚོགས་གཅིག་ནས་མིའི་བློ་ལ་མ་བབ་ལ་གཉིས་ནས་སྟོབས་ཤུགས་མེད། ཁོ་པ་ཚོར་ཡོད་པ་དེ་ནི་ཕྱི་རྒྱལ་བས་སྦྱིན་པ་བཏང་བའི་དངུལ་ཕྲན་བུ་དང་མིང་དོན་མི་མཚུངས་པའི “མཚན་སྙན ”དེ་ཚོ་ལས་མེད། ད་ཆ “འཁོར་བ ”དེ་འདྲ་ཡང་མཐར་གཏུགས་ཉེ་ཡོད་པ་གསལ་པོར་མཚོན་ཐུབ།

        ཏཱ་ལ “རྒན་ཡོལ་ཞུས་པ ”དེས་ཚོགས་པ་ཆུང་ངུའི་ལས་དབང་སྐྱོབ་མི་ཐུབ།

        དུས་རབས་ཕྱེད་ཀ་ལྷག་ཙམ་འདས་རྗེས་ཏཱ་ལས་རང་ཉིད་ཀྱི་ཚོགས་པ་ཆུང་ངུར་བཤོལ་ལམ་བཀོད་སྒྲིག་མི་བྱེད་ཀ་མེད་ཀྱི་དུས་སུ་སླེབས་ཡོད། ད་ལོ་ཤར་ཚུན་ཏཱ་ལས “རྒན་ཡོལ་ཞུ་རྒྱུ ”ཡིན་ཞེས་སྐད་ཆ་སྙན་པོ་བཤད་པ་དང་མངའ་འོག་ལ་རྩ་ཁྲིམས་རྫུས་མ་ཟེར་བར་བཟོ་བཅོས་རྒྱག་པ་དང་སྲིད་གཞུང་རྫུས་མ་གསར་པ་ཆ་བསྡུ་ཡ་བསྡུ་བྱེད་དགོས་པའི་བཀའ་ཕབ་པ་རེད། དེའི་དམིགས་ཡུལ་ནི་ཏཱ་ལའི་རྗེས་སུ་སྲིད་གཞུང་རྫུས་མ་འཚོ་ཐབས་བྱས་ནས “བོད་རང་བཙན ”གྱི་དྲག་ཤུགས་བྱེད་སྤྱོད་གསར་པ་དང་འབྲེལ་ཐག་བཅད་དེ “ཆོས་ལུགས་མི་སྣ་འཁྲུལ་མེད ”ཀྱི་མིང་ཐོག་ནས་ནུབ་ཕྱོགས་སུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་བསྐྱོད་རྒྱུར་དེ་བས་སྟབས་བདེ་ཡོང་བ་བྱ་རྒྱུ་དེ་རང་ཡིན། ཏཱ་ལ “རྒན་ཡོལ་ཞུས་པ ”དེ་ནི་འཁྲབ་སྟོན་ཞིག་རང་ཡིན་པ་ཚང་མས་མཐོང་ཐུབ། 《རྒྱ་གར་སྐབས་དོན་ཚགས་པར 》གྱིས་དཔྱད་གཏམ་སྤེལ་ནས “ཏཱ་ལ་མུ་མཐུད་གནས་ཚེ་ཁོ་པས་རང་དགར་བཀོད་གཏོང་བཀའ་འབེབས་བྱེད་པ་དང་ཏཱ་ལས་གྲོས་འགོ་བཏོན་པ་དེ་ནི་ཏཱ་ལའི་རྗེས་ཀྱི་དུས་སྐབས་ཆེད་དུ་གྲ་སྒྲིག་བྱེད་པ་ཞིག་རེད ”ཅེས་བཀོད་ཡོད་པ་རེད། ཨ་རིར་ཡོད་པའི་ཏཱ་ལའི “ཆེད་བསྐོས་ཕོ་ཉས ”ཀྱང “ཏཱ་ལ་རྒན་ཡོལ་ཞུས་རྗེས་ཀྱི་འགོ་ཁྲིད་ཀྱི་ནུས་པ་དེ་བོད་མི་དམངས་ཀྱི་ངོས་ནས་བཤད་ཚེ་འགྱུར་ལྡོག་འགྲོ་མི་སྲིད་པས་ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་བྲིས་ནས་གསལ་བཤད་བྱེད་དགོས་དོན་མེད ”ཅེས་བཤད་པ་རེད། ཏཱ་ལའི་རུ་ཚོགས་ཀྱི་བཟོ་བཅོས་བརྒྱབ་རྗེས་ཀྱི་རྩ་ཁྲིམས་རྫུས་མའི་ནང་དུའང “ཏཱ་ལའི་བླ་མ་ནི་བོད་དང་བོད་མི་དམངས་ཀྱི་སྐྱབས་མགོན་དང་མཚོན་བྱེད་ཡིན ”ཞེས་གསལ་བསྒྲགས་སྤེལ་ནས་ཏཱ་ལར་གྲོས་ཚོགས་དང་བཀའ་ཤག་ལ “མཛུབ་ཁྲིད ”ཀྱི་དབང་ཆ་ཡོད་པས “ཆོས་སྲིད་ཐད་ཀྱི་བྱ་བ་ཆེན་པོར ”རང་དགར “མཛུབ་ཁྲིད ”བྱེད་ཆོག་པའི་གཏན་འབེབས་བྱས་ཡོད། ཏཱ་ལ་རང་ཉིད་ཀྱིས་ཀྱང “ཕྲན་གྱིས་སྤྱི་དམངས་ཀྱི་ཆོས་སྲིད་བྱ་བ་ནམ་ཡང་འདོར་མི་སྲིད ”“བོད་མིར་དཀའ་ངལ་ཆེན་པོ་འཕྲད་སྐབས་བལྟས་ནས་སྡོད་མི་སྲིད ”ཅེས་ཐེངས་མང་བཤད་པ་དེ་དག་ཚང་མའི་ཐོག་ནས་ཏཱ་ལས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་བྱེད་སྤྱོད་དང་ཚོགས་པ་ཆུང་ངུའི་ཁ་ལོ་སྒྱུར་བ་དང་ཚོད་འཛིན་བྱ་རྒྱུ་གཏན་ནས་འདོར་རྩིས་མེད་པ་གསལ་པོར་མཚོན་ཡོད།

        ཏཱ་ལ “རྒན་ཡོལ་ཞུས ”ཀྱང་དེ་སྔ་ལས་དལ་ཁོམ་ཆེ་རུ་ཕྱིན་མེད། དེ་ལས་ལྡོག་སྟེ་འཁྱམ་ཉུལ་དེ་བས་མང་དུ་ཕྱིན་ནས་ད་བར་རྒྱལ་ཁབ་10ཙམ་ལ་བསྐྱོད་ཅིང་། ད་དུང་རྒྱལ་ཁབ་10ཙམ་ལ་བསྐྱོད་རྩིས་ཡོད་པ་རེད། ཁོ་པ་གང་དུ་སླེབས་རིམ་བཞིན་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་དང་མཇལ་འཕྲད་བྱེད་པ་ཕུད་སྤྱི་དམངས་ཀྱི་རྒྱུ་ནོར་བསྡུ་ལེན་བྱེད་པ་མ་ཟད། དེ་བས་ཀྱང་ཁྲེལ་མེད་གཡོ་ཐབས་ཀྱི་སྒོ་ནས་ཀྲུང་གོ་སྲིད་གཞུང་ལ་དམའ་འབེབས་གཏོང་བ་དང “ཀྲུང་གོར་ཪྙོག་དྲ་བཟོས་ཏེ ”ཀྲུང་གོ་གུང་ཁྲན་ཏང་ཡང་ཕྲན་དང་འདྲ་བར “རྒན་ཡོལ་ཞུ་རུ ”འཇུག་གི་ཡིན་ཞེས་བཤད་པས་ནུབ་ཕྱོགས་ཀྱི་མི་སྣ་ཁག་གཅིག་དང་ཕྱི་རྒྱལ་གྱི་ཟིང་ཆ་སློང་མཁན་རྣམས་ཡུད་ཙམ་དགའ་པོ་བྱུང་བ་རེད། འོན་ཀྱང་དེ་དག་ཚང་མའི་ཐོག་ནས་ཚོགས་པ་ཆུང་ངུའི་ནང་ཁུལ་དུ་འབྱུང་འགྱུར་གྱི་མདུན་ལམ་རབ་རིབ་ལ་འུ་ཐུག་པ་དང་དངངས་སྐྲག་སྐྱེ་བ་འགེབས་མི་ཐུབ། དེའི་དབྱི་ཀྲང་རྫུས་མས “ཏཱ་ལའི་བླ་མ་རྒན་ཡོལ་ཞུས་རྗེས་བོད་མི་ཡོངས་ཟས་ཀྱི་བཅུད་དང་ཉལ་བའི་གཉིད་དང་བྲལ་ནས་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད ”ཅེས་གསལ་བསྒྲགས་སྤེལ་བ་རེད། ཡོ་རོབ་ཏུ་ཡོད་པའི་ཏཱ་ལའི “ཆེད་བསྐོས་ཕོ་ཉས ”ཀྱང “ཏཱ་ལའི་བླ་མས་སྲིད་ཀྱི་དབང་ཆ་དོར་རྗེས་བོད་གཞུང་འདི་ཉིད་ཁ་ཐོར་དགུ་ཐོར་གྱི་ཉེན་ཁའི་གནས་སུ་ལྷུང་བ་དང་ཆབ་སྲིད་ཀྱི་རྩོད་གཞིའི་ནང་ཚུད་པ་དང་མཚུངས ”ཅེས་བཤད་པ་རེད། “བཀའ་བློན་ཁྲི་པ ”ཟེར་བས་ཀྱང་ཏཱ་ལ་རྒན་ཡོལ་བྱས་པ་དེས་“བོད་གཞུང ”ལ “ཁྲིམས་མཐུན་རང་བཞིན་གྱི་ཉམས་ཉེན ”འཕྲད་ཡོད་ཅེས་འཛེམས་མེད་ངང་བཤད་པ་རེད། གང་ཡིན་ཞེ་ན་ཏཱ་ལ་ནི་ལོ་བཅུ་ཕྲག་ཁ་ཤས་རིང་རུ་ཚོགས་དེའི་བསམ་པའི་གཙོ་འཛིན་དང་དངོས་སུ་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་དེས་ནུབ་ཕྱོགས་ཀྱི་ཆབ་སྲིད་དང་དངུལ་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པའི་སྤུས་རྟགས་ཆེ་ཤོས་དེ་ཡིན་ལ་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཟང་ཟིང་བཟོ་རྒྱུའི་རེ་ངན་འཆང་བའི་ཉན་ཤོས་ཀྱི་ལག་ཆ་ཡང་ཡིན་པས་ཡིན། མི་སྣ་འདི་འདྲ་ཞིག་གསོ་སྐྱོང་བྱེད་པར་ལས་སླ་པོ་མེད་ལ་དེ་ནི་སུས་ཀྱང་ལས་སླ་པོར་ཚབ་བྱེད་ཐུབ་པ་ཞིག་མིན། ཏཱ་ལ “རྒན་ཡོལ་ཞུ་མིན ”ལ་མི་བལྟོས་པར་རུ་ཚོགས་དེའི་ནང་གི་ཏཱ་ལའི་བླ་ན་མེད་པ་དང་ཐམས་ཅད་ཀྱི་ཁ་ལོ་སྒྱུར་བའི་གནས་བབ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི “ཆོས་སྲིད་ཟུང་འབྲེལ ”གྱི་ངོ་བོ་འགྱུར་མི་སྲིད་པ། ཁོ་པའི་ཁ་ཕྲལ་རིང་ལུགས་ཀྱི་ངོ་བོ་འགྱུར་མི་སྲིད་པ་བཅས་རེད།

        “ཡུལ་གྱར་སྲིད་གཞུང ”ཟེར་བ་དེ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱིས་ཕྱི་རྒྱལ་དུ་བཙུགས་པའི་ངོ་ལོག་ཟིང་འཁྲུག་གི་རྩ་འཛུགས་ཤིག་ཡིན་པས་ཀྲུང་གོའི་རྩ་ཁྲིམས་དང་བཅའ་ཁྲིམས་དང་ཡོངས་སུ་རྒྱབ་འགལ་བྱས་པར་བརྟེན་ཁྲིམས་མཐུན་རང་བཞིན་གང་ཡང་མེད་ལ་ཁོ་པ་ཚོའི་ཕྱི་རྒྱལ་གྱི་སྦྱིན་བདག་གིས་ཀྱང་ཁས་ལེན་གྱི་མེད། སྲིད་གཞུང་རྫུས་མ་དེའི་འགོ་པ་སུས་བྱས་ཀྱང་དེའི་ཁྲིམས་འགལ་གྱི་ངོ་བོར་འགྱུར་ལྡོག་འགྲོ་མི་སྲིད། སྲིད་གཞུང་རྫུས་མའི་འགོ་པ་གསར་པས “བོད་ཀྱི་མི་དམངས་ཀྱི་ཚབ་བྱས་ཏེ ”ཀྲུང་གོ་སྲིད་གཞུང་དང “གྲོས་མོལ ”བྱས་ནས “བོད་རྒྱལ་ཁབ་བསྐྱར་སྐྲུན ”བྱེད་ཀྱི་ཡིན་ཞེས་བཤད་པ་དེས་ཁོ་པ་ཚོའི་ཧམ་སེམས་དང་ཤེས་རྨོངས་དམར་རྗེན་དུ་མངོན་ཡོད།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རིང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཚབ་བྱས་པས་བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་ཐོག་མེས་རྒྱལ་ནང་ས་དང་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་ཡོད། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེ་ནི་ཏཱ་ལའི་རུ་ཚོགས་ཚུད་པའི་ལོག་སྤྱོད་ཕྱོགས་གཏོགས་སུ་ཞིག་གིས་ཀྱང་ཁ་ལོ་སྒྱུར་མི་ཐུབ་པས་ཏཱ་ལས “བོད་རང་བཙན ”ནས “དབུ་མའི་ལམ ”དུ་བསྒྱུར་བ་དང་གར་སྟེགས་མདུན་དུ་འཁྲབ་སྟོན་བྱས་པ་ནས་ལྐོག་ཏུ་བཀོད་པ་གཏོང་བ་གང་ཞིག་གིས་ཀྱང་རུ་ཚོགས་དེ་ཕམ་ཉེས་འགྲོ་བའི་ལས་དབང་ལ་འགྱུར་ལྡོག་གཏོང་མི་ཐུབ། ཏཱ་ལ་རང་ཉིད་ཀྱི་ངོས་ནས་བརྗོད་ན་ཁ་ཕྲལ་རིང་ལུགས་ཀྱི་གཏམ་སྤྱོད་དོར་བ་དང་། ཀྲུང་དབྱང་གིས་ཁོ་པར་བཏོན་པའི་རྩ་དོན་གྱི་བླང་བྱ་སྐོང་བ། མི་སྒེར་གྱི་མདུན་ལམ་ཐག་གཅོད་བྱེད་ཐབས་འཚོལ་བ་བཅས་བྱས་ན་མ་གཏོགས་ཐབས་ལམ་གཞན་དག་གང་ཡང་མེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།