དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལོ་རྒྱུས་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་མི་དམངས་ཀྱི་གདམ་གར་ངོ་གནོང་མི་དགོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་རྒྱུས་འཕེལ་རྒྱས་ཀྱི་འཕར་རྩ་ཁོང་དུ་ཆུད་ཐུབ་ཚེ་གཞི་ནས་འབྱུང་འགྱུར་གྱི་མདུན་སྐྱོད་ཁ་ཕྱོགས་བརྟན་པོ་ཡོང་ཐུབ།

        “ཉེ་རབས་ཚུན་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་བརྗིད་ཆེའི་འཕེལ་རིམ་ཁྲོད་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་། མར་ཁེ་སི་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། སྒྱུར་བཅོས་སྒོ་དབྱེ་བཅས་གདམ་ག་བྱས་ཡོད ”ཅེས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ནང་རང་རེའི་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་ལེགས་སྒྲུབ་དང་སྐུལ་འདེད་བཏང་བའི “དོན་ཆེན་གསུམ ”ལ་རྒྱས་བཤད་གནང་ཡོད། དེ་ནི་ལོ་90ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་ཞིག་དང་ལོ་90ཡི་རིང་གི་འབད་འཐབ་འཚོལ་ཞིབ་ལ་ཚད་མཐོའི་སྙིང་བསྡུས་བྱས་པ་ཞིག་རེད།

        ལོ་90ཡི་གོང་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་པའི་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དེས་ཀྲུང་གོ་མི་དམངས་ཚོས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་བྱེད་པའི་འོད་ཟེར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་སྟེ་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་མི་དམངས་ཕྱུག་པོ་ཡོང་བ་བྱེད་པའི་མཛེས་སྡུག་ལྡན་པའི་ལམ་བུ་ཕྱེ་ཡོད། ང་ཚོས་ཁྲག་བཏོན་དམག་འཛིང་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་སྒྲུབ་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ནས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་དུས་རབས་གསར་པ་ཕྱེ་ཡོད། ང་ཚོས་དཀའ་སྤྱད་འབད་འཐབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་སྒྲུབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་གྱིས་ཀྲུང་གོའི་ལོ་རྒྱུས་ཐོག་ཆེས་རྒྱ་ཁྱབ་དང་ཆེས་གཏིང་ཟབ་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་མངོན་འགྱུར་བྱས་ཡོད། ང་ཚོས་རྒྱུན་བསྲིང་ལྷོད་མེད་ངང་འཚོལ་ཞིབ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གསར་བརྗེ་གསར་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་། མཐའ་འཁྱོངས། འཕེལ་རྒྱས་བཅས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་བླངས་ཡོད། དོན་ཆེན་གསུམ་པོ་དེ་དག་སྔར་རྒྱུན་རྗེས་འཛིན་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཤར་ཕྱོགས་ས་གཞི་ཆེན་པོ་དེར་མིའི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གནམ་ས་གཡོ་བ་དང་གདོན་འདྲེ་ངུ་ཤོར་དགོས་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

        དོན་ཆེན་གསུམ་པོ་དེ་དག་གིས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བ་དང་། ཉེ་རབས་ནས་བཟུང་གི་ཀྲུང་གོའི་ནང་རྩོད་ཕྱི་འཁྲུག་དང་དབུལ་ཕོངས་ཉམ་ཞན་གྱི་ཡ་ང་བའི་ལས་དབང་ཟློག་ཐབས་མེད་པའི་སྒོ་ནས་མཇུག་འགྲིལ་བ། ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བསྒྱུར་བ་དང་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་དཔུང་སྐྱོད་ཟློག་ཐབས་མེད་པའི་སྒོ་ནས་བྱེད་འགོ་ཚུགས་ཏེ་ལོ་5000ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་གོ་དེ་ཉིད་རྣམ་པ་གསར་རྐྱང་དུ་གྱུར་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྔར་བྱུང་མ་མྱོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་བསྟན་ཡོད།

        དོན་ཆེན་གསུམ་པོ་དེ་དག་ལ་ཕྱིར་དྲན་བྱེད་སྐབས་ང་ཚོས་ལོ་90ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུའི་འཕེལ་རྒྱས་ཀྱི་འཕར་རྩ་གནད་ལ་འཁེལ་བ་ཁོང་དུ་ཆུད་ཐུབ་པ་བྱུང་ནས་བསྡོམས་རྩིས་ཁ་གསལ་ཞིག་བྱུང་བ་དེ་ནི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོང་མི་སྲིད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡོང་མ་སྲིད་པ་དེ་ཡིན།

        གསར་བརྗེ་དང་འཛུགས་སྐྲུན་ནས་སྒྱུར་བཅོས་བར་གྱི་དོན་ཆེན་གསུམ་པོ་དེ་དག་ནང་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ལྡན་པའི་འབད་འཐབ་ཀྱི་ལོ་རྒྱུས་གཅིག་སྡུད་བྱས་ཡོད་པ་དང་། དེ་ཐོག་ནས་མ་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིག་པ་དེ་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ར་འཕྲོད་བྱུང་ཡོད། ལོ་90ཡི་ལོ་རྒྱུས་ཀྱི་ཐོག་ནས་མི་དམངས་དུང་ཕྱུར་མང་པོའི་བསམ་བློ་གཅིག་གྱུར་ཡོང་བ་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་མེད་ན་གཏན་ནས་ཡོང་མི་ཐུབ་པ་ར་འཕྲོད་གང་ལེགས་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མུ་མཐུད་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བྱ་གཞག་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

        དོན་ཆེན་གསུམ་པོ་དེ་དག་ལ་ཕྱིར་དྲན་བྱེད་སྐབས་ང་ཚོས་ལོ་དགུ་བཅུའི་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་པའི་དགོངས་དོན་གྱི་སྙིང་པོར་སྔར་ལས་ཟབ་པའི་ཤེས་རྟོགས་བྱུང་ནས་དད་སེམས་ཤིག་སྔར་བས་བརྟན་ཏུ་ཕྱིན་པ་ལས་མི་དམངས་ནི་དཔའ་བོ་དངོས་དང་ལོ་རྒྱུས་གཏོད་པའི་རྫོགས་མེད་ཀྱི་སྒུལ་ཤུགས་ཡིན་པ་དེ་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་དབུ་བཪྙེས་པ་ནས་འཛམ་གླིང་གི་མི་གྲངས་བསྡོམས་འབོར་གྱི་1∕5བཟུང་བའི་མི་རྣམས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱས་པའི་བར་དང་ཡང་དེ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པར་གྱུར་བའི་བར་སོགས་འདི་དག་ཚང་མའི་ཐོག་ནས་རང་རེའི་ཏང་གི་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བདེ་སྐྱིད་འཚོ་བ་བཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་མཚོན་པའི་ཁར་མར་ཁེ་སི་རིང་ལུགས་སྲིད་ཏང་ཞིག་གི་ཆབ་སྲིད་ཀུན་སྤྱོད་དང་ཆབ་སྲིད་ལེགས་ཆ་ཡང་མངོན་ཡོད། ལོ་དགུ་བཅུའི་ལོ་རྒྱུས་ཐོག་ནས་རང་རེའི་ཏང་གིས་འཕེལ་རྒྱས་དང་འཕོ་འགྱུར་ཁྲོད་དུས་རབས་ཡར་རྒྱས་ཀྱི་སྣེ་འཁྲིད་དགོས་ཚེ་ངེས་པར་དུ་མི་དམངས་ཀྱི་ཆེད་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་གིས་མི་དམངས་ཆེད་དུ་ཁེ་ཕན་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དབར་གྱི་ཤ་ཁྲག་གི་འབྲེལ་བ་དེ་རྒྱུན་འཁྱོངས་བྱས་ཚེ་ད་གཟོད་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་དེ་རླབས་གཤག་མདུན་སྐྱོད་བྱེད་ཐུབ་པ་ར་འཕྲོད་གང་ལེགས་བྱུང་ཡོད།

        ང་ཚོས་ལོ་དགུ་བཅུའི་ཤུལ་ལམ་བགྲོད་ནས་ལོ་རྒྱུས་དང་འབྱུང་འགྱུར་གྱི་བསྣོལ་མཚམས་དེར་གནས་སྐབས་མིག་མདུན་དུ་སྔར་ལས་བརྗིད་ཆགས་ཤིང་མཛེས་ཉམས་ལྡན་པའི་ཤུལ་ལམ་ཞིག་མངོན་ཡོད། རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པའི་ཁྲོད་གསར་འབྱེད་ཡར་བརྩོན་དང་ལྷོད་པ་མེད་པའི་འབད་འཐབ་ཁྲོད་སྔོན་ཐོན་གཏན་དུ་རྒྱུན་འཁྱོངས་བྱས་ཚེ་ང་ཚོས་ལོ་རྒྱུས་ཀྱི་ལས་འགན་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་འགྲོ་བར་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་ཐུབ་ངེས་ཡིན། ﹙ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་འབྱོར་བའི་གློག་འཕྲིན ﹚

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།