དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྙིང་ཅི་ཞིག་ལ“སེམས་ཁྲལ”བྱེད་ཀྱི་ཡོད་དམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་བའི་སྐབས་ཤིག་རིང “རྒན་ཡོལ་ཞུ་གི་ཡིན ”ཞེས་སྐད་ཅོར་རྒྱག་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས “བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཕོག་པ་སྨྲ་བ ”ཟེར་བའི་སྐད་ཆ་ཪྙིང་རོ་སླར་ཡང་ཤོད་ཀྱི་ཡོད། ཟླ་3ཚེས་10ཉིན་ཁོ་པས་ངན་བཀོད་ཞིབ་ཚགས་བྱས་པའི “3·10 གཏམ་བཤད ”ནང་ཀྲུང་དབྱང་སྲིད་གཞུང་གིས “བོད་ཀྱི་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་འཛེམ་ཟོན་སྤུ་ཙམ་ཡང་མེད་པའི་སྒོ་ནས་གཏོར་བཤིག་གཏོང་གི་ཡོད ”ཅེས་ཚིག་མཚོན་འདེབས་པ་དང་ཟླ་4ཚེས་2ཉིན་རྡི་ལི་གསར་པར་ཡོངས་བསྒྲགས་སུ་གཏམ་བཤད་བྱེད་སྐབས་དུས་གནས་ལ་སེམས་ཁྲལ་དང་མི་དམངས་ལ་སྙིང་རྗེ་བྱེད་ཚུལ་གྱིས “བོད་ཀྱི་ས་མཐོའི་འཁྱགས་རོམ་མགྱོགས་མྱུར་ངང་བཞུར་བཞིན་ཡོད ”ཅེས་བཤད་པ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཏཱ་ལས “བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སེམས་ཁྲལ་བྱེད་ཀྱི་ཡོད ”ཅེས་ཤོད་ཀྱི་ཡོད།

        ཏཱ་ལ་དང་གཅིག་རམ་གཅིག་འདེགས་བྱེད་ཆེད་ཏཱ་ལའི་རུ་ཚོགས་ཀྱིས་པེར་ཀྲམ་དུ་བཙུགས་པའི “དོན་གཅོད་ཁང ”ཟེར་བ་དང་མིང་ལ “རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ལ་ངག་ཐོག་རྒྱབ་སྐྱོར་བྱེད་པའི་མཉམ་འབྲེལ་རྩ་འཛུགས ”ཟེར་བའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྩ་འཛུགས་གཅིག་གིས་ཡོ་རོབ་ཀྱི་གྲོས་ཚོགས་སུ་བོད་དུ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ཚད་བརྒལ་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་མངོན་སུམ་འཛེམ་མེད་ངང་དམའ་འབེབས་གཏོང་བ་དང་“ཀྲུང་གོ་སྲིད་གཞུང་གི་སྲིད་ཇུས་ཀྱིས་རྐྱེན་པས་བོད་ལྗོངས་ས་མཐོར་འབྲོག་པ་ཁྲི་250ཙམ་གྱི་འཚོ་གནས་དང་ལོ་9000ཙམ་རྒྱུན་བསྲིང་བའི་དེའི་སྐྱས་སྤོས་ཀྱི་ཤེས་དཔལ་ཉེན་ཁའི་གནས་སུ་གྱར་ཡོད ”ཅེས་དཀྲོག་གཏམ་བཤད་པ་རེད།

        ཁོར་ཡུག་སྐོར་གླེང་སྐབས་སི་ཐོག་ཁོར་མོའི 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་ཁོར་ཡུག་ཚོགས་འདུའི་བསྒྲགས་གཏམ 》ནང་གསལ་བསྒྲགས་བྱས་པའི་ཐུན་མོང་གི་བསྲུང་བྱ་ནི “ལ་རྒྱ་དང་ཕན་བདེ་ལྡན་པའི་འཚོ་བའི་ཁོར་ཡུག་ནང་མིའི་རིགས་ལ་རང་དབང་དང་། འདྲ་མཉམ། འཚོ་བའི་ཆ་རྐྱེན་ལྷུག་པོ་བཅས་ཀྱི་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། མི་རབས་དེ་དང་མ་འོངས་མི་རབས་ནས་མི་རབས་བར་གྱི་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་གཏོང་བའི་བརྗིད་ཉམས་ལྡན་པའི་འགན་འཁྲི་ཡོད ”ཅེས་པ་དེ་རེད། དེའི་ཐོག་ནས་ཁོར་ཡུག་གི་དབང་ཆ་དེ་འཚོ་གནས་ཀྱི་དབང་ཆ་དང་། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ། ཚེ་སྲོག་བདེ་ཐང་གི་དབང་ཆ། འཕེལ་རྒྱས་ཀྱི་དབང་ཆ་བཅས་དང་འདྲ་བར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་ཁོངས་སུ་གཏོགས་ཡོད།

        བོད་ཀྱི་རང་བྱུང་ཁོར་ཡུག་དང་སྣོད་བཅུད་མ་ལག་ཤིན་ཏུ་སྐྱོ་བས་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཕོག་མང་བའི་ས་ཁུལ་གྱི་གྲས་ཤིག་རེད། དཔྱད་གཞིའི་ཡིག་རིགས་ཐོག་འཁོད་པར་གཞིགས་ན། དུས་རབས་བཅུ་དགུ་པའི་དུས་འགོ་ནས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་བར་བོད་ཀྱི་ས་ཁོངས་ནང་ཆུ་སྐྱོན་ཚབས་ཆེན་60ལྷག་ཙམ་དང་། གངས་སྐྱོན་50ལྷག་ཙམ། སེར་སྐྱོན་ཚབས་ཆེན་30ལྷག་ཙམ་བཅས་བྱུང་ནས་མི་ཤི་རྨས་འབོར་ཆེན་བྱུང་བ་དང་མང་ཚོགས་གྲངས་ལས་འདས་པ་ཞིག་བུད་སྟོངས་ཡུལ་གྱར་བྱེད་དགོས་བྱུང་ཡོད། ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་ཪྙིང་པར “མངའ་བདག་ཆེན་པོ་གསུམ ”གྱིས་མི་དམངས་ལ་སྨྱོ་ཧམ་ཆེན་པོས་བཤུ་གཞོག་ཚད་མེད་བཏང་བ་ཕུད། སྣོད་བཅུད་འཛུགས་སྐྲུན་དང་། ཁོར་ཡུག་སྲུང་སྐྱོང་། དེ་བཞིན་མི་དམངས་ཀྱི་འཚོ་གནས་བཅས་ལ་སེམས་ཁུར་གཏན་ནས་བྱེད་ཀྱི་མེད། བོད་ཀྱི་སྤྱིའི་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་གི་འཚོ་གནས་ཀྱི་དབང་ཆར་ཡང་འགན་ལེན་བྱེད་མི་ཐུབ་པས་ཁོར་ཡུག་གི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་བས་སྤྲོས་བྲལ་རེད། སྐབས་དེ་དུས་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་མེད་པ་དང་མི་འབོར་དུས་ཡུན་རིང་པོ་འཕེལ་མེད་སོར་གནས་སུ་གྱར་ནས་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་200ལྷག་ཙམ་ནང་བོད་ཀྱི་མི་འབོར་སྔ་ཕྱི་བར་གསུམ་དུ་ཁྲི་100ཙམ་རེད།

        སྐབས་དེ་དུས་བོད་ས་གནས་ཀྱི་དབང་སྒྱུར་པ་མཐོ་ཤོས་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཡབ་གཞིས་ཁོ་ནར་གཞིས་ཀ་27དང་འབྲོག་ར་30ཡོད་པ་དང་ལོ་ལྟར་ཞིང་བྲན་དང་བྲན་གཡོག་གི་ས་ནས་བཤུ་གཞོག་བཏང་བའི་རྒྱུ་ནོར་གྱི་གྲས་སུ་བོད་དངུལ་དངུལ་སྲང་ཁྲི་200ལྷག་ཙམ་དང་། ནས་ཁལ་33000ལྷག་ཙམ། མར་ཁལ་2500ལྷག་ཙམ། ནོར་ལུག་300 སྣམ་བུ་སྦུབས 175བཅས་ཚུད་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་ཞན་པ་དང་ཞིང་བྲན་གྱི་འཚོ་གནས་ཀྱི་རྣམ་པའི་མདུན་དུ་ཏཱ་ལས་དངུལ་བཏང་ནས་ལེགས་སུ་གཏོང་རྒྱུའི་བསམ་བློ་འཁོར་མྱོང་ཡོད་དམ།

        བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང “ལོ་ལྔ་ཚན་བཅུ་གཅིག་པའི ”ལོ་ལྔའི་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་ལ་སྒོར་དུང་ཕྱུར་106བཏང་ཡོད། མིག་སྔར་བོད་དུ་ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་34.47%བཟུང་བའི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པ་དེ་རྒྱལ་ཡོངས་ནང་ཨང་དང་པོ་ཡིན་པ་དང་། ནགས་ཚལ་ཁྱབ་ཚད་དུས་རབས་ཉི་ཤུ་པའི་ལོ་རབས་50པར་1%ཀྱང་མ་ཟིན་པ་ནས་11.91%བར་ཆེ་རུ་སོང་བ། རྒྱལ་ཁབ་ཀྱི་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་། རྒྱལ་ཁབ་ཀྱི་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་39 གལ་ཆེའི་སྣོད་བཅུད་མ་ལག་བཅས་སྲུང་སྐྱོང་ནུས་ལྡན་བྱུང་ཡོད། དངུལ་སྒོར་དུང་ཕྱུར་155བཏང་བའི་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལ་ད་བར་མ་དངུལ་སྒོར་དུང་ཕྱུར་25དོན་འཁྱོལ་བྱུང་ནས་རིགས་ཆེ་བ་གསུམ་གྱི་ལས་གྲྭའི་རྣམ་གྲངས་10སྒོ་ཀུན་ནས་ལག་ལེན་བསྟར་བཞིན་ཡོད།

        ལོ་60རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་བྱུང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པའི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། 2010ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4138.7ལོན་པ་དེ་1959ལོའི་སྒོར་35ནས་ལྡབ་118འཕར་ཡོད། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ལག་ལེན་བསྟར་བའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་27.5དང་མི་གྲངས་ཁྲི་143ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་འབྲས་བུའི་ཐོག་ནས་མངོན་པར་གཞིགས་ན། ལྗོངས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི་300ལྷག་ཙམ་ལོན་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་གྱིས་91.83%བཟུང་བ་དང་མི་འབོར་གྱི་སྔོན་དཔག་ཚེ་ཚད་ལོ་67ཟིན་གྱི་ཡོད།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་བོད་འདི་ཉིད་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་སྔར་བས་གསལ་པོར་བཏོན་ཡོད། “སྣོད་བཅུད་བཟང་བའི་བོད་ལྗོངས ”འཛུགས་སྐྲུན་ལ་དམིགས་ཏེ་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ས་མཐོའི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་རྒྱུ་སྲོག་ཤིང་དུ་བྱས་ནས་མ་འོངས་ལོ་ཉི་ཤུའི་ནང་སྣོད་བཅུད་བདེ་འཇགས་འགན་ལེན་གྱི་མ་ལག་དང་། ཐོན་ཁུངས་རྒྱུན་བསྲིང་ངང་བེད་སྤྱོད་གཏོང་བའི་མ་ལག སྣོད་བཅུད་དཔལ་འབྱོར་གྱི་མ་ལག ཁོར་ཡུག་སྤུས་ཚད་འགན་ལེན་གྱི་མ་ལག མི་སྡོད་ཁོར་ཡུག་གི་མ་ལག སྣོད་བཅུད་རིག་གནས་ཀྱི་མ་ལག ནུས་པ་འགན་ལེན་གྱི་མ་ལག་བཅས་མ་ལག་ཆེན་པོ་7ནུས་ཤུགས་ཡོད་རྒུ་བཏོན་ནས་བསྐྲུན་རྒྱུ་རེད།

        བོད་ཀྱི་ཁོར་ཡུག་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པ་ཞིག་རེད། ཞི་བས་བཅིངས་འགྲོལ་མ་བཏང་གོང་ངམ་ཡང་ན་ད་ལྟའི་བོད་ཀྱི་ཁོར་ཡུག་ཐད་ཕྱི་རྒྱལ་གྱི་མི་སྣས་འཁོད་པ་འདི་ལྟ་སྟེ།

        “དེའི་མཐའ་འཁོར་གྱི་ཁོར་ཡུག་སྦགས་བཙོག་གིས་ཁེངས་ཡོད། དོན་དངོས་ཐོག་དེ་ནི་ནད་ཡམས་མཆེད་པའི་སྤྲང་ཚང་ཞིག་རེད། ཁྲོམ་གཞུང་དུ་བཙོག་ཆུ་འཁྱིལ་བ་དང་གད་སྙིགས་ཀྱིས་ཁེངས་ཡོད། ཁང་པ་གོག་ཧྲུལ་དང་གང་ས་གང་དུ་དྲི་ངན་གྱིས་ཁེངས་ཡོད .....ཅེས་པ་དེ་ནི་དབྱིན་ཇིའི་རྩོམ་པ་པོ་པི་ཏེ ·ཕུའུ་ལའེ་མིང་གི་སྨྱུག་རྩེའི་འོག་གི་དུས་རབས་ཉི་ཤུ་པའི་དུས་འགོའི་ལྷ་ས་རེད།

        “ང་ཚོ་རྟག་ཏུ་རྒྱལ་ཁབ་ཁག་ཏུ་ཡུལ་སྐོར་དུ་ཕྱིན་ནས་ས་གོ་ལ་ཕྱེད་ཙམ་ལ་བསྐྱོད་ཟིན་པ་ཡིན། འོན་ཏེ་བོད་ནི་ང་ཚོར་བག་ཆགས་ཧ་ཅང་ཟབ་མོ་ཞིག་བྱུང་བའི་ཡུལ་གྲུ་ཞིག་རེད། དེ་ག་དངོས་འབྲེལ་ཤིན་ཏུ་མཛེས་པ་དང་ང་ཚོས་བཪྙན་པར་ནས་མཐོང་བ་ལས་མཛེས་པ་འདུག ”ཅེས་པ་དེ་ནི་2007ལོའི་ཟླ་བདུན་པར་ཐེ་ལན་གྱི་རྒན་ཡོལ་ཞུས་པའི་ནད་སྐྱོང་ཕུང་ཧྲི་ལི་དང་རྒན་ཡོལ་ཞུས་པའི་དངུལ་ཁང་གི་ཞིབ་རྩིས་པ་ཐའོ་རུང་ཉུང་གིས་བོད་དུ་ཡུལ་སྐོར་བྱས་རྗེས་ཀྱི་འཆར་སྣང་ངོ་མ་རེད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ཪྙིང་པའི་ཁོར་ཡུག་ངན་པ་དང་རྒྱ་ཆེའི་མི་དམངས་འཚོ་ཐབས་དཀའ་བའི་རྣམ་པ་མི་གླེང་བར་དེ་ལས་ལྡོག་སྟེ་དཀར་ནག་ཕྱིན་ཅི་བསློགས་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད་གཏན་ལ་ཕབ་པའི་ཀྲུང་དབྱང་གི་དམིགས་བསལ་དང་གཟིགས་སྐྱོང་སྲིད་ཇུས་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱེད་པ་དང་མངོན་སུམ་འཛེམས་མེད་ངང་དམའ་འབེབས་གཏོང་བ་དེ་མ་རུང་ཁོག་བཅུག་བྱས་པ་ཞིག་མ་རེད་དམ། ཁོ་པས་བོད་དང་མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་དོན་དངོས་ལ་མི་བལྟོས་པར་ཀྲུང་དབྱང་སྲིད་གཞུང་གིས “ བོད་ཆོལ་ཁ་གསུམ་ལ ‘གསར་སྤེལ ’བྱེད་དྲགས་པ་མཚམས་འཇོག་བྱེད་དགོས ”ཞེས་སྨྱོ་ཧམ་ཆེན་པོས་སྐད་ཅོར་རྒྱག་པའི་རེ་ངན་ནི་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་བཀག་འགོག་དང་གཏོར་བཤིག་བཏང་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུའི་ལྐོག་གཡོ་གཤོམ་པ་དེ་རེད། ཁོ་པས་ཀྲུང་དབྱང་སྲིད་གཞུང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་ཐད་གནང་བའི་འབད་པ་དང་དེ་བཞིན་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་མི་བལྟོས་པར་བོད་ཀྱི་ཁོར་ཡུག་གིས “ཀྲུང་གོ་དང་རྒྱ་གར་སོགས་མཐའ་འཁོར་རྒྱལ་ཁབ་མང་པོར་ཆག་སྒོ་བཟོ་རྒྱུ་རེད ”ཅེས་སྒྲོ་བཏགས་འཇིགས་སྐུལ་བྱས་པ་དང་རྒྱ་གར་ལ “བོད་ཀྱི་སྣོད་བཅུད་ཁོར་ཡུག་དང་ལྷག་པར་དུ་འཁྱགས་རོམ་མྱུར་དུ་བཞུར་བའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་འོས་འགན་དང་འགན་འཁྲི་ཡོད ”ཅེས་དཀྲུག་ཤིང་རྒྱག་པ་དེའི་སེམས་ངན་ནི་མེས་རྒྱལ་གྱི་གཟུགས་བཪྙན་ཉམས་དམས་སུ་གཏོང་བ་དང་རྒྱལ་ཁབ་གཞན་ལ་ཁོར་ཡུག་གི་གནད་དོན་ལ་ཁ་གཡར་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་དགོས་པའི་ངན་སྐུལ་བྱེད་པ་དེ་རེད།

        “བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་ང་ཚོས་གཉིས་ཕན་གཉིས་ཐོབ་ཀྱི་དབུ་མའི་ལམ་གྱི་རྩ་དོན་ལ་གཞིགས་ནས .....”ཟེར་བའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི “3·10གཏམ་བཤད ”ནང་ཁོ་པའི་ཀུན་སློང་ངོ་མ་དམར་རྗེན་དུ་ཐོན་པ་སྟེ ——ཁོ་པས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལ “སེམས་ཁྲལ ”ཅི་ཞིག་བྱེད་ཀྱི་ཡོད་དམ། ཁོ་པས་མི་བདེན་རྫུན་སྒྲིག་གིས “བོད་ཀྱི་ཁོར་ཡུག་ལ་སྦགས་བཙོག་ཐེབས་ཀྱི་ཡོད ”ཅེས་སྐད་ཅོར་ཡང་ཡང་རྒྱག་པ་དེ་ནི་དེ་ཙམ་ཁྲོམ་ར་མེད་པའི “བོད་ཀྱི་གནད་དོན ”ལ་རྒྱ་རྡོ་འཕར་མ་རྒྱག་པ་ཙམ་ཞིག་རེད། ཁོ་པས “སེམས་ཁྲལ ”བྱེད་པ་ནི་ཁོ་པ་དང་འགྲོ་ལམ་ཟད་པའི་ཁོ་པའི་རུ་ཚོགས་དེའི “བོད་རང་བཙན ”གྱི་བྱ་གཞག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།