དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “འགྱུར་བ”གཏོང་དང་མི་གཏོང་ཏཱ་ལ་མི་གཅིག་གིས་བརྒྱ་ཁ་གཅིག་གཅོད་བྱས་ན་ག་ལ་འགྲིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་ཆར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གང་ས་གང་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་བཞིན་དུ་ཁོ་པས “རྒན་ཡོལ་ཞུ་བ ”ཟེར་བའི་བཞད་གད་སློང་བའི་ཟློས་གར་འཁྲབ་བཞིན་ཡོད། ཁོ་པས་ཕྱི་ཕྱོགས་སུ “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད ”བྱས་ནས “བསམ་པའི་གཙོ་འཛིན ”ཁོ་ན་བྱེད་ཀྱི་ཡིན་ཞེས་ཤོད་པ་དང་འབྲེལ་འཛམ་གླིང་ཐོག་གི་སྲིད་གཞུང་གང་འདྲ་ཞིག་གིས་ཀྱང་ཁས་ལེན་མི་བྱེད་པའི “བོད་ཡུལ་གྱར་སྲིད་གཞུང ”གི “རྩ་ཁྲིམས ”ཟེར་བར་མི་དཔུང་ཁྱུ་སྒྲིག་གིས་བཟོ་བཅོས་རྒྱག་པ་དང་། སྲིད་དབང་དེ “དམངས་འདེམས་ཀྱི་གཙོ་འཛིན ”ལ་རྩིས་སྤྲོད་རྒྱུ། ཐ་ན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་ལམ་ལུགས་ལ་འགྱུར་ལྡོག་གཏོང་བ་སོགས “དམངས་གཙོའི་ཕྱོགས་སུ ”མཐར་ཕྱིན་པ་བསྐྱོད་རྒྱུ་ཡིན་ཟེར་བཤད་ནས་དར་བཟོ་ཆེ་བའི “སྒྱུར་བཅོས་པའི་གདོང་སྐྱོད་པར ”འགྱུར་ཐབས་བྱེད་ཀྱི་ཡོད།

        ཏཱ་ལས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་ལ་དམའ་འབེབས་གཏོང་རིམ་བཞིན་རྟག་ཏུ་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ཀྱིས་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་དང་རིག་གནས་ལ་འཇིགས་སྐུལ་ཕོག་ཡོད་ཅེས་ཚིག་མཚོན་བཏབ་པ་དང་“བོད་ཀྱི་རིག་གནས་རྩ་མེད་བཟོ་བ་ཟེར་བ ”རྟག་ཏུ་ཤོད་རྒྱུ་མི་བརྗེད་པར “བོད་མིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ཆོས་ལུགས་དང་། རིག་གནས། སྐད་ཡིག མི་རིགས་ཀྱི་ཁྱད་ཆོས་སོགས་སྟོངས་ལ་ཁད་ཀྱི་གནས་སུ་གྱར་ཡོད ”ཅེས་སྒྲོ་བཏགས་འཇིགས་སྐུལ་བྱས་ནས་མཐོང་ཐོས་རབ་རིབ་བཟོ་བ་དང་མི་རྣམས་ཀྱི་ཡིད་དབང་འགུགས་པའི་ཕན་འབྲས་ཐོབ་ཐབས་བྱེད་པ་མི་རྣམས་ཀྱིས་བརྗེད་མི་སྲིད།

        ཏཱ་ལས་བཤད་པའི “བོད་ཀྱི་རིག་གནས་རྩ་མེད་བཟོ་བ་ཟེར་བ ”དེར་སྔ་ས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་རིག་གནས་པ་དང་དེ་བཞིན་བོད་དུ་དངོས་སུ་འགྲོ་མྱོང་བའི་དྲང་བདེན་མི་སྣས་སུན་འབྱིན་ནུས་ལྡན་བྱས་ཡོད། གང་ལགས་ཤེ་ན། ཁོང་ཚོས་བོད་ཀྱི་མི་སེར་ཚོའི་རྒྱུན་གཏན་གྱི་ཆོས་དད་རང་མོས་ཀྱི་བྱེད་སྒོར་ཡོངས་ཁྱབ་ཏུ་བརྩི་བཀུར་དང་རྩ་ཁྲིམས་གྱི་འགན་ལེན་ཐོབ་པ་དང་། དགོན་སྡེའི་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ། བོད་བརྒྱུད་ནང་བསྟན་ཁོ་ན་ལས་མེད་པའི་བླ་སྤྲུལ་ཡང་སྲིད་ཀྱི་ལམ་ལུགས་སྔར་བཞིན་ཁྲིམས་དང་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་བཅས་མཐོང་བས་རེད། ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་ཕོན་ཆེན་བཏང་ནས་བོད་ཀྱི་རིག་གནས་ཤུལ་བཞག་ཉམས་གསོ་དང་སྲུང་སྐྱོང་བྱེད་པ་དང་བོད་སྐད་ཡིག་གི་པར་སྐྲུན་དངོས་པོ་ཕོན་ཆེན་པར་དུ་འདེབས་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་བྱེད་པ་སོགས་དེ་བས་གླེང་ག་ལ་དགོས། འོན་ཀྱང་ཏཱ་ལས་ས་མཚམས་ཕྱི་རོལ་དུ་དཀྲོག་གཏམ་བཟོ་བ་དང་དམའ་འབེབས་གཏོང་བའི་གཏམ་བརྗོད་དེས་བོད་ཀྱི་རྒྱུན་གཏན་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་ཪྙོག་དྲ་བཟོ་རྒྱུ་ལས་མ་འདས།

        ཏཱ་ལའི་མིག་ལམ་དུ་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་དེ་དག་ཚང་མ་མཐོང་ཡང་མི་མཐོང་ཁུལ་བྱེད་ཆོག དེ་ལས་ལྡོག་སྟེ་བོད་ཀྱི་མི་སེར་ཚོས་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་སྐབས་འཚོ་བ་སྐྱེལ་སྟངས་ཐད་དགོས་ངེས་ཀྱི་འགྱུར་ལྡོག་ཁག་གཅིག་བྱུང་བ་དེ་ཁོ་པའི “བོད་ཀྱི་རིག་གནས་རྩ་མེད་བཟོ་བ་ཟེར་བའི ”དཔང་རྟགས་སུ་རྦད་དེ་གྱུར་ཡོད། ཏཱ་ལའི་བཙན་པོ་དབང་ཡོད་ཀྱི་མཚན་ཉིད་དེར་གཞིགས་ན། བོད་ཀྱི་མི་སེར་གྱི་འཚོ་བ་སྐྱེལ་སྟངས་ཚང་མ “འགྱུར་མི་ཆོག ”པ་ལྟར་སྣང་།

        འོན་ཏེ “འགྱུར་མི་ཆོག ”ཅེས་སྔ་བར་ཕྱི་གསུམ་དུ་སྐད་ཅོར་རྒྱག་མཁན་ཏཱ་ལས་ད་ལྟ་མི་རྣམས་ཧང་སངས་དགོས་པའི་བྱ་སྤྱོད་ཅིག་སྤེལ་ཡོད། ཁོ་པས “རང་ནུས་རང་གིས་སྐྱུར་བའི ”ངང་ཚུལ་ཐོག་ནས “རྒན་ཡོལ ”ཞུས་ནས་ཆབ་སྲིད་ཀྱི་དབང་ཆ་དེ “དམངས་འདེམས་ཀྱི་གཙོ་འཛིན ”ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་ཡོད། དར་བཟོ་ཆེ་བའི་བྱ་སྤྱོད་དེར་སྔ་བར་ཕྱི་གསུམ་དུ་མ་རུང་ཁོག་བཅུག་གམ་ཡང་ན་ཏཱ་ལའི་ཁ་མཁས་ཚིག་སྙན་གྱིས་མགོ་བོ་རྨོངས་པའི་ནུབ་ཕྱོགས་ཀྱི་ཁོ་པའི་རྗེས་འབྲངས་པ་དེ་ཚོའི་བསྔགས་བརྗོད་ཐོབ།

        ཏཱ་ལས་ཡག་ཚོད་ལ་མཚམས་མ་བཞག་པར་ད་དུང “དམངས་གཙོའི་ཕྱོགས་སུ ”མཐར་ཕྱིན་པ་སྐྱོད་ཆེད་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་སྲོལ་རྒྱུན་ལྡན་པའི་ཏཱ་ལའི་ཡང་སྲིད་ཀྱི་ལམ་ལུགས་ལ་འགྱུར་ལྡོག་གཏོང་རྒྱུ་དང་མཇུག་བསྒྲིལ་རྒྱུ་ཡིན་ཞེས་བཤད། ལམ་ལུགས་དེ་ནི་ཁོ་པ་མི་གཅིག་གིས་བརྒྱ་ཁ་གཅིག་གཅོད་བྱེད་མི་ཐུབ་པ་ལོས་ཡིན། གང་ལགས་ཤེ་ན། ཏཱ་ལ་སྐུ་ཕྲེང་ལྔ་པས་མན་ཇུ་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་ཆོ་ལོ་དང་ལེན་གནང་རྗེས་ཏཱ་ལའི་བླ་མའི་ཡང་སྲིད་བྱོན་ཚུལ་དེ་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་མང་ཚོགས་ཁྲི་ཚོ་བརྒྱ་ཕྲག་ཁ་ཤས་ཀྱིས་ཏཱ་ལའི་ཡང་སྲིད་བྱོན་པ་དག་ལ་དད་པ་བྱེད་པ་ལས་ཏཱ་ལ་སྐྱེ་ཕྲེང་ག་གེ་མོར་དད་པ་བྱེད་ཀྱི་མེད། ལོ་རྒྱུས་ཀྱི་ངེས་སྲོལ་དང་སྲོལ་རྒྱུན་གྱི་བྱེད་སྟངས་དེར་འགྱུར་ལྡོག་གང་འདྲ་ཞིག་བཏང་རུང་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་དམངས་ཚོགས་ཁྲི་ཚོ་བརྒྱ་ཕྲག་དུ་མའི་བསམ་འདུན་ལས་ཚབས་ཆེན་འགལ་རྒྱུ་རེད།

        འོན་ཏེ་ཏཱ་ལས་དེ་དག་ལ་ག་ལ་ལྟ། ད་རེས “དམངས་གཙོ ”དེ་སླར་ཡང་ཁོ་པས “འགྱུར་རྒྱུ ”མཁྲེགས་བཟུང་བྱེད་པའི་ཁ་གཡར་ས་ཞིག་ཏུ་གྱུར་ཡོད། དེ་སྔ་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱས་རེ་བ་བཏོན་པའི་དམངས་གཙོའི་བཅོས་སྒྱུར་ལ་ཤིན་ཏུ་སྐྲག་སྟེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས “འགྱུར་བ་གཏོང་མི་རུང་བ ”ཨ་ན་ཨུ་ཚུགས་ཀྱིས་མཁྲེགས་བཟུང་བྱས་ནས་འུ་ཐུག་ཉེན་མཆོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་བར་བརྟེན་ཏཱ་ལས་གཞི་ནས་ཁོ་པ་ཚོ་དང་མཉམ་དུ་མེས་རྒྱལ་ལ་རྒྱབ་གཏོད་བྱེད་པའི་འཆི་ལམ་དུ་བསྐྱོད་པ་ཁོ་པས་སླར་ཡང་བརྗེད་ཡོད་ཤས་ཆེ། ད་ལྟ་ཏཱ་ལས་ལོ་རྒྱུས་ཀྱི་རླབས་རྒྱུན་དངོས་དང་བསྟུན་པ་དང་རྨོངས་གཉིད་ལས་སད་ཚེ་ཕྱིས་དྲགས་མེད། འོན་ཏེ “འགྱུར་མི་རུང ”ཟེར་མཁན་ཁོ་པ་ཡིན་པ་དང “འགྱུར་དགོས་ཟེར་མཁན ”ཡང་ཁོ་པ་ཡིན “དེ་ནི་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད ”བྱེད་པ་མི་འདྲ་བར་དེ་ལས་ལྡོག་སྟེ “གཡོ་ཇུས ”གཤམས་པ་འདྲ་བས་དེའི་ཐོག་ནས་ཁ་ཕྲལ་རུ་ཚོགས་ནང་ཏཱ་ལར་གང་དགའ་ཅི་བྱེད་ཀྱི་དབང་ཆ་ཡོད་པ་མི་རྣམས་ཀྱིས་མཐོང་ཐུབ།

        དོན་དངོས་ཐོག “འགྱུར་བ ”བཏང་ནའང་འདྲ “འགྱུར་བ ”མ་བཏང་ནའང་འདྲ་ཁ་ཕྲལ་རུ་ཚོགས་ནང་ཏཱ་ལའི་དངོས་ཡོད་ཀྱི་གནས་བབ་ནམ་ཡང་གོང་ན་མེད་པ་ཞིག་རེད། ཕྱོགས་གཅིག་ནས་ཏཱ་ལའི་ཁ་ཕྲལ་རུ་ཚོགས་ལ་རྒྱལ་སྤྱིའི་ཐོག་ཁོ་པས “ཆོས་ལུགས་གཙོ་འཛིན ”གྱི་དར་རྟགས་འཕྱར་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་མགོ་སྐོར་བཏང་ནས་སྟོབས་ཤུགས་ཆགས་ཐབས་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་ཁ་ཕྲལ་རུ་ཚོགས་ཀྱི་ནང་ཁུལ་དུ་ཏཱ་ལའི་འཇོན་ཐང་ནི་དེ་འདྲའི་རྨད་དུ་བྱུང་བ་ཞིག་མ་ཡིན་པར “ཏཱ་ལའི་བླ་མ ”ཟེར་བའི་མིང་དེར་འབོད་སྐུལ་གྱི་ནུས་པ་ཧ་ཅང་ཆེན་པོ་ཡོད་པར་བརྟེན་ཁོ་པའི་གནས་བབ་ཀྱང་ནམ་ཡང་འགན་ལེན་ཡོང་གི་ཡོད།

        དེར་བརྟེན་ཏཱ་ལས “འགྱུར་བ ”གཏོང་དང་མི་གཏོང་ཁོ་པས་བརྒྱ་ཁ་གཅིག་གཅོད་བྱེད་ཕོད།

        “འགྱུར་མི་རུང ”ཞེས་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱིས་ཏཱ་ལར་ཆོས་ལུགས་ཀྱི་གནས་བབ་སྤྲད་པས་ཡིན་པ་དང། ཏཱ་ལས་སྔར་ནས་ད་བར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་སྲུང་སྐྱོང་བྱེད་དགོས་པའི་སྐད་ཅོར་ཆེན་པོ་རྒྱག་པ་དེ་ནི་དོན་དངོས་ཐོག་ཁོ་པ་རང་ཉིད་ཀྱི་གནས་བབ་སྲུང་སྐྱོང་བྱེད་པ་ཞིག་རེད། “འགྱུར་དགོས ”ཞེས་ནི་ཏཱ་ལས་ལོ་མང་རིང་གི་ཁ་ཕྲལ་རུ་ཚོགས་ཁྲོད་དུ་རང་ཉིད་ཀྱི་གནས་བབ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བར་བརྟེན་སླར་ཡང “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད ”བྱེད་པའི་དར་བཟོ་ཆེ་བའི “ཐབས་མཆོག ”བཏོན་མོད། འོན་ཀྱང་གསར་དུ་བཟོ་བཅོས་བརྒྱབ་པའི “ཡུལ་གྱར་བོད་མིའི་རྩ་ཁྲིམས ”ཟེར་བའི་ནང་ཁོ་པས་སྔར་བཞིན་རང་ཉིད “བསམ་པའི་གཙོ་འཛིན ”གྱི་གནས་བབ་སོར་འཇོག་བྱས་ཡོད་པ་དང་དེ་ཙམ་མ་ཟད་དེའི་ཁྲོད་ཀྱི་དོན་ཚན་ནང་ད་དུང་ཞེ་མཚེར་སྤུ་ཙམ་ཡང་མེད་པར་ཁོ་པ་ནི “ལམ་སྟོན་སློབ་དཔོན་དང་། བླ་ན་མེད་པའི་གཙོ་འཛིན། བོད་མིས་ངོས་གཅིག་ཏུ་འཛིན་པའི་མཚོན་རྟགས། བོད་མི་ཡོངས་ཀྱི་མགྲིན་ཚབ་པ ”ཡིན་ལུགས་འཁོད་ཡོད་པ་དེ་ནི “རྒན་ཡོལ་ཞུ་བ ”ག་ལ་ཡིན་ལ། “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད ”ཟེར་བ་ག་ལ་ཡིན། ཁོ་པ་སྔར་བཞིན་ཁ་ཕྲལ་རིང་ལུགས་ཀྱི་འགོ་གཙོ་ཡིན་པ་རྦད་དེ་གསལ་པོ་རེད།

        ཏཱ་ལའི “འགྱུར་བ ”གཏོང་དང་མི་གཏོང་ཟེར་བའི་ཤོད་སྟངས་དེ་རིགས་ཁོ་པའི་ཁ་ཕྲལ་རུ་ཚོགས་ཀྱི་འཁོར་རྒྱ་ཆུང་ཆུང་དེ་ཁོ་ནར་ནུས་པ་ཐོན་ཤས་ཆེ། ཏཱ་ལའི་ཡང་སྲིད་བྱོན་མིན་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བརྒྱ་ཁ་གཅིག་གཅོད་ག་ལ་བྱེད་ཐུབ། ཀྲུང་དབྱང་སྲིད་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ངེས་སྲོལ་དང་སྲོལ་རྒྱུན་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོར་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་སྲོལ་རྒྱུན་སྲུང་སྐྱོང་བྱེད་པའི་བསམ་འདུན་དེ་བས་ཤུགས་ཆེན་ཡོད། ཏཱ་ལས “ལྷ་དབང་གི་ཆབ་སྲིད་མཇུག་བསྒྲིལ་བ ”དེ་གསར་གཏོད་ཅིག་ཡིན་རློམ་བྱེད་པ་དེ་དོན་དངོས་ཐོག་བོད་རིགས་མི་དམངས་ཀྱིས་1959ལོའི་དམངས་གཙོའི་བཅོས་སྒྱུར་གྱི་སྐབས་ནས་རྒྱལ་ཁའི་ངང་མངོན་འགྱུར་བྱུང་ཡོད། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོ་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་མང་རིང་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་བྱེད་སྤྱོད་སྣ་མང་སྤེལ་བར་བརྟེན་ད་ཆ “དམངས་གཙོ་བཅོས་སྒྱུར ”ཟེར་བ་རྒྱས་གླེང་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད། འོན་ཀྱང་རྒྱ་ཆེའི་བོད་རིགས་མི་དམངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། གོང་འཕེལ་བཅས་གཏོང་བ་དང་དུས་མཚུངས་རང་ཉིད་ཀྱི་ཐབས་ལམ་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་བསམ་འདུན་ཤུགས་ཆེན་ཡོད་པ་དེ་ནི་ཏཱ་ལས་བཤད་པའི “བོད་ཀྱི་རིག་གནས་རྩ་མེད་བཟོ་བ་ཟེར་བའི ”འཇིགས་སྣང་བསྐུལ་བས་འགོག་ཐབས་བྲལ་བ་ཞིག་རེད། ཏཱ་ལས “འགྱུར་བ ”གཏོང་དང་མི་གཏོང་གི་སྐད་ཅོར་རྒྱག་པ་དང་ཀུ་ཅོ་འདོན་པ་དེ་ནི་རྩྭ་འབུས་ཤིང་སྡོང་སྒུལ་བ་དང་རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག་གཞུ་བ་ལྟར་རེད།

        དེ་དང་དུས་མཚུངས་ཏཱ་ལའི “འགྱུར་བ ”གཏོང་དང་མི་གཏོང་གི་གཡོ་ཐབས་དེ་ཚོ་ལས་ཏཱ་ལས་བྱེད་སྟངས་གསར་པ་དང་། གཡོ་ཐབས་སྣ་ཚོགས་། སྔ་ཕྱི་མི་མཐུན་པའི་ཤོད་སྟངས་སོགས་ཕར་འགྱུར་ཚུར་འགྱུར་བྱས་ཀྱང་ནམ་ཡང་མི་འགྱུར་བ་ནི་ཁོ་པས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དང་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོར་རྐང་བཙུགས་ནས་ཪྙོག་དྲ་བཟོ་བའི་མ་རུངས་ཁོག་བཅངས་དེ་མི་རྣམས་ཀྱིས་གསལ་པོར་མཐོང་ཐུབ། ཁོ་པས “འགྱུར་བ ”གཏོང་དང་མི་གཏོང་གི་གཡོ་ཐབས་ཇི་ཙམ་མཁས་པོ་བཏོན་ན་དེ་ཙམ་གྱིས་གདོང་རིས་ངོ་མ་ཡང་དམར་རྗེན་དུ་ཐོན་སྲིད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།