དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཞིང་།མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        ལོ་60གོང་གི་དེ་རིང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རླབས་ཆེའི་མེས་རྒྱལ་གྱི་རྒྱལ་ས་པེ་ཅིང་དུ 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན 》ལ་མཚན་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་གནང་བ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་བ་དེས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་བོད་ནས་མཐར་སྐྲོད་མཐའ་གཅིག་ཏུ་བཏང་བ་དང་། མེས་རྒྱལ་སྐམ་ས་ཆེ་མོ་རྦད་དེ་བཅིངས་འགྲོལ་དང་གཅིག་གྱུར་ཡོངས་སུ་བྱུང་བ། བོད་ཀྱི་སྤྱི་ཚོགས་ཡུན་རིང་འཕེལ་མེད་སོར་གནས་ཀྱི་རྗེས་ལུས་ཀྱི་རྣམ་པ་མེད་པ་བཟོས་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་སྐྲུན། དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་རྩ་བའི་རྨང་གཞི་བཏིང་ཡོད། དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་འཆར་བ་དང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པ་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོ་དང་འཕེལ་རྒྱས་ཆེ་མོའི་དུས་སྐབས་གསར་པ་བཏོད་ཡོད། ལོ་60རིང་གི་འོད་སྟོང་འབར་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ཡོད། ལོ་60རིང་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བཅིངས་འགྲོལ་ཐོབ་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བདག་པོའི་རྣམ་འགྱུར་དང་སྔར་བྱུང་མྱོང་མེད་པའི་སྤྲོ་སེམས་ཐོག་ནས་བོད་གསར་པ་འཛུགས་སྐྲུན་བྱེད་པ་དང་འཚོ་བ་གསར་པ་བཏོད་ནས་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་60རིང་གི་འཕེལ་རྒྱས་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་འཛམ་གླིང་ཡང་རྩེར་མི་ཡུལ་གྱི་ངོ་མཚར་ཡང་ཡང་བཏོད་ནས་བོད་འདི་ཉིད་མུན་ནག་ནས་འོད་ཟེར་ཕྱོགས་དང་། རྗེས་ལུས་ནས་ཡར་རྒྱས་ཕྱོགས། སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས། དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་བཅས་བར་བསྐྱོད་རྒྱུར་སྐུལ་མ་བཏང་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཕྱེ་སྟེ་གངས་ལྗོངས་ས་མཐོར་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་བརྩམས་ཡོད།

        ལོ་60རིང་གི་གྲུབ་འབྲས་འོད་སྟོང་འབར་བ་ཞིག་ཡོད། ལོ་60རིང་བོད་འདི་ཞི་བས་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱེད་པ། རང་སྐྱོང་ལྗོངས་འཛུགས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་པ་སོགས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་བརྒྱུད་ནས་སྤྱི་ཚོགས་ལམ་ལུགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཆོང་སྐྱོད་རླབས་ཆེ་གཉིས་མངོན་འགྱུར་བྱུང་ནས་དུས་ཐུང་ལོ་60ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱེད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ད་ལྟའི་བོད་ལ་དཔལ་འབྱོར་འཕེལ་རྒྱས་ཐད་འཕུར་མཆོང་གསར་པ་བྱུང་བ་དང་། ཆབ་སྲིད་ཤེས་དཔལ་གྱི་གནམ་ས་གསར་པ་བཏོད་པ། རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ། སྤྱི་ཚོགས་འཛུགས་སྐྲུན་སྒོ་ཀུན་ནས་ཡར་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཆེས་ཆེར་སོང་བ། སྣོད་བཅུད་ཁོར་ཡུག་རྒྱུན་བསྲིང་ངང་ལེགས་སུ་འགྲོ་བ། སྤྱི་ཚོགས་དུས་བབ་མཐུན་སྦྱོར་བརྟན་ལྷིང་ཡིན་པ། ཏང་གི་འཛུགས་སྐྲུན་ལ་སྒོ་ཀུན་ནས་ཤུགས་སྣོན་ཐེབས་པ་བཅས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། དུས་བབ་བརྟན་ལྷིང་། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་ཐོན་ནས་གང་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་རྣམ་པ་ཐོན་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་བཞིན་ཡོད།

        ལོ་60རིང་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་རླབས་ཆེན་མངོན་པ་དང་། ལོ་60རིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་མཚོན་པ། ལོ་60རིང་གི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་གྱིས་ཕྱུག་པ། ལོ་60རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱུན་བསྲིང་ལྷོད་མེད་ཀྱི་དོན་གཉེར་འདུས་པ་བཅས་རེད། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་མེད་པ་དང་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མེད་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད། མེས་རྒྱལ་ཁྱིམ་ཚང་ཆེ་མོ་ཁོ་ནའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཚེ་བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ།

        དམིགས་ཚད་གསར་པ་ལས་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་བ་དང་འགོ་འཛུགས་ས་གསར་པ་ལས་མཆོང་སྐྱོད་གསར་པ་ཡོང་ཐུབ། 2010ལོའི་ཟླ་1པོར་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགག་རྩའི་དུས་མཚམས་སུ་སླེབས་སྐབས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ” འགོ་འཛུགས་ཀྱི་ལོ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་ལོ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ལས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གོ་གུན་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ། མི་རིགས་མཐུན་སྒྲིལ་གྱིས་འགན་སྲུང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་ནན་པོ་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་ངང་དམངས་འཚོ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། རྒྱུན་བསྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱེད་པ་བཅས་བྱས་ཏེ་2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་མངོན་འགྱུར་བྱེད་པ་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

        དེང་གི་འགྱུར་ལྡོག་ཆེན་པོ་སྔོན་ལས་ལྷག སླར་ཡང་མཆོང་སྐྱོད་དོན་གཉེར་འོད་སྟོང་གཏོད། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་བྱས་ནས་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་པ། སྤྱི་ཚོགས་རིང་ལུགས་བོད་གསར་གྱི་བརྗིད་ཆེའི་ལེའུ་གསར་པ་རྩོམ་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།