དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཏེར་ལས་བཅོས་སྒྲིག་བྱེད་པར“རང་ལག་རང་གིས་གཅོད་ཕོད་པའི་དཔའ་བོའི”བློ་སྟོབས་ལྡན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྐབས་གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ་དེས་འགངས་ཆེའི་གནས་བབ་བཟུང་ཡོད་པ་མ་ཟད། ནུས་པའང་ཆེན་པོ་ཐོན་གྱི་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ན་གཏེར་རྫས་ཐོན་ཁུངས་གསར་སྤེལ་ཡག་པོ་བྱས་ནས་དེའི་ལེགས་ཆ་སྤྱད་དེ་གསར་སྤེལ་གྱི་སྒྲིག་ལམ་དང། གཞི་རྒྱ། བྱ་ཐབས་བཅས་ཀྱི་ཐད་སྤྱིའི་འཆར་འགོད་དང་བཀོད་སྒྲིག་ནན་པོ་བྱེད་དགོས།

        ཡུན་རིང་ནང་གཏེར་ལས་ཐོན་སྐྱེད་དེ་ཆུ་གསུམ་རྫོང་གི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཡིན་པ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆའི་བསྡོམས་རྩིས་ཐོག་ནས་གཏེར་ལས་དེས་ཆུ་གསུམ་རྫོང་གི་ནོར་སྲིད་ཡོང་འབབ་ནང་གི་95%ཡན་བཟུང་བ་མངོན་པར་བརྟེན་གཏེར་ལས་དེ་རྫོང་དེ་འཕེལ་རྒྱས་གཏོང་སྐབས་མེད་དུ་མི་རུང་བའི་ཁེ་ལས་ཤིག་ཡིན་སྟབས་དེར་ཕོག་ཐུག་གཏོང་ནུས་ཀྱི་མེད།  

        རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཆུ་གསུམ་རྫོང་གི་གཏེར་ལས་སྔོག་འདོན་བྱ་རྒྱུ་དེ་གང་བྱུང་དུ་སྔོག་འདོན་དང་སྒྲིག་ལམ་མེད་པའི་སྒོ་ནས་སྔོག་འདོན་བྱེད་པའི་སྣང་ཚུལ་ངན་པ་ཞིག་ཆགས་ཏེ་ཡུལ་དེའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཟོས་པ་དང་། རྩྭ་རའི་སྣོད་བཅུད་ཉམས་ཞན་དུ་སོང་བ། རྨོ་ཞིང་ཧ་ཅང་ཉུང་དུ་ཕྱིན་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད། གནས་ཚུལ་དེ་དག་གིས་ཆུ་གསུམ་རྫོང་ལ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཙུགས་ནས་ནུས་ཤུགས་ཡོད་རྒུས་ཐོན་ཁུངས་བསྡུ་སྒྲིལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཏེར་ལས་སྔོག་འདོན་བཅོས་སྒྲིག་དང་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་དགོས་གཏུགས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན།

        ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ནུས་ལྡན་གྱི་བྱ་ཐབས་ཧུར་ཐག་སྤྱད་དེ་ནོར་བུ་ས་ཀེ་ལྕགས་སྔོག་འདོན་བྱ་ཡུལ་ལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དེའི་ཕན་ནུས་རིང་མིན་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོས་སྤྲོ་སྣང་ལྡན་པའི་ངང་མཐོང་བྱུང་། གཏེར་ལས་བཅོས་སྒྲིག་བྱ་རྒྱུ་དེ་མདའ་ལྟོང་སྦྱར་ཏེ་མི་འཕེན་ཐབས་མེད་དུ་སླེབས་ཡོད། “ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་བྱེད་པའི ”བཅོས་སྒྲིག་གི་བྱ་སྤྱོད་ནང་ཆུ་གསུམ་རྫོང་སྲིད་གཞུང་གིས་གང་བྱུང་དུ་སྔོག་འདོན་བྱེད་མཁན་གཏེར་ཁུལ་12སྒོ་བརྒྱབ་པ་དང་གཏེར་འདོན་ཁེ་ལས་13ཡོད་པ་དེ་མིག་སྔའི་6བར་བཅོས་སྒྲིག་བྱས་ཡོད།

        ཡིན་ནའང་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་། གསར་སྤེལ། ལྟ་སྐུལ་དོ་དམ་བཅས་བྱེད་པའི་སྒྲིག་གཞི་དང་། ལམ་སྲོལ། ཁྲིམས་ལུགས་བཅས་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་དང་མིག་སྔའི་བཅོས་སྒྲིག་དང་ཚད་ལྡན་བཟོ་བའི་ལས་དོན་ལ་འཕྲད་པའི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས།

        དོན་སྙིང་གང་རུང་ཞིག་གི་ཐོག་ནས་བཤད་ན། གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་པའི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་བཟོ་བའི་ཐད་ཟང་ཟིང་བཅོས་སྒྲིག་དང་། ཁ་ཐོར་བཅོས་སྒྲིག རྩ་བ་བཅོས་སྒྲིག་བཅས་བྱེད་པའི་སྔོན་དཔག་གི་ཕན་འབྲས་ཐོན་མིན་དེ་རིམ་ཁག་ས་གནས་སྲིད་གཞུང་གི་ཆོད་སེམས་དང་བྱ་སྤྱོད་དངོས་ལ་ཐུག་ཡོད། ཆུ་གསུམ་རྫོང་གི་གཏེར་ལས་གསར་སྤེལ་གྱི་སྒྲིག་ལམ་དེ “ཟང་ཟིང ”ནས “བཅོས་སྒྲིག ”བྱེད་པའི་བར་མངོན་འགྱུར་བྱུང་བ་དེ་ཐོགནས་སྲིད་གཞུང་གིས་ཟང་ཟིང་གི་རྒྱུ་རྐྱེན་བློ་ཐག་ཆོད་པོས་མེད་པ་བཟོས་ཚེ་ཨུ་ཚུགས་མཐར་སྐྱེལ་ངང་ཁྲིམས་འགལ་གཏེར་ལས་བྱ་སྤྱོད་སྤེལ་མཁན་དེ་དག་བཅོས་སྒྲིག་བྱེད་ཐུབ་ངེས་ཡིན་པ་མཚོན་ཡོད།

        མིག་སྔར་སྤེལ་བཞིན་པའི་གཏེར་རྫས་ཐོན་ཁུངས་གསར་སྤེལ་གྱི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་བཟོ་བའི “ཕྱིར་མིག་ལྟ་བའི ”བྱ་སྤྱོད་ནང་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས “དཔའ་བོས་རང་ལག་གཅོད་ཕོད་པ ”ལྟ་བུའི་བློ་སྟོབས་ཀྱི་ཐོག་ནས་གཏེར་རྫས་གསར་སྤེལ་གྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་གདིང་གཞིའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས། ཐབས་ལམ་དེར་བརྟེན་ནས་བྱ་སྤྱོད་མུ་མཐུད་སྤེལ་ཚེ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱ་རྒྱུ་དེ་གཅིག་སྡུད་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་རྒྱུར་མི་རྣམས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་དམིགས་ཡུལ་དེ་མི་རིང་བར་སྒྲུབ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།