དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འབད་འབུངས་ཀྱི་ངལ་རྩོལ་དང་། ཟོལ་མེད་ཀྱི་ངལ་རྩོལ། གསར་གཏོད་ཀྱི་ངལ་རྩོལ་བཅས་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        གཟི་བརྗིད་ནི་རླབས་ཆེན་ངལ་རྩོལ་མི་དམངས་ཀྱི་ཡིན་ཞིང་། དེ་རིང་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཀྱིས་རང་ཉིད་ཀྱི་དུས་ཆེན་ཏེ “ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བསུས་པ་རེད། ང་ཚོས་རྒྱལ་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འཐབ་ཕྱོགས་ཁག་གི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

        སྤྱིར་བཏང་ཁྲོད་ནས་རླབས་ཆེན་གསོ་སྐྱོང་བྱས། ངལ་རྩོལ་བྱས་ནས་འཛམ་གླིང་གསར་དུ་སྐྲུན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ 90འཁོར་བའི་ལོ་ཞིག་ཡིན་ཞིང་། ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་90 ཡི་ལོ་རྒྱུས་ཀྱི་ལམ་བུའི་ནང་རང་རེའི་ཏང་ནི་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཅིག་དང་བཟོ་པའི་གྲལ་རིམ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བརྟེན་པའི་རྐང་བྱེད་སྟོབས་ཤུགས་ཤིག་རེད། ལོ་90 ཡི་རིང་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་གི་མདུན་སྐྱོད་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ཤིང་། མཐར་ཕྱིན་པའི་གསར་བརྗེའི་སྙིང་སྟོབས་དང་དབྱར་མཚོ་རྒྱས་པ་ལྟ་བུའི་གསར་གཏོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཧུར་བརྩོན་ཆེན་པོས་ཞུགས་ཏེ་མི་རིགས་རང་དབང་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་ཆེད་སུབ་ཐབས་བྲལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ནི་རང་རྒྱལ་གྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་སྟོབས་ཤུགས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་རྒྱལ་ཁའི་རྩ་བ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱེད་ཀྱི་ཡོད་པ་རེད།

        མིག་སྔར་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་མོད། འོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་བ་ཇི་འདྲ་བྱུང་བ་དང་ཚན་རྩལ་ཡར་ཐོན་དང་ཤེས་བྱ་གསར་ལེན་དེ་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ནའང་ངལ་རྩོལ་ནི་སྔར་བཞིན་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། གལ་ཏེ་འདས་ཟིན་པ་དེ་ངལ་རྩོལ་པས་ལག་གཉིས་ལ་བརྟེན་ནས་ཀྲུང་གོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླངས་ཆེན་གྲུབ་འབྲས་ཐོབ་པ་དང་གནས་ཚུལ་ཧྲིལ་པོའི་རག་ལས་སའི་རྒྱལ་སྤྱིའི་གནས་བབ་ཐོབ་པ་བྱ་རྒྱུར་སྐུལ་འདེད་བཏང་བ་ཞིག་རེད་ཅེས་བརྗོད་ན་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་བ་གཏིང་ཟབ་འགྲོ་བའི་དེང་ཀྱི་དུས་འདི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པ་དང་འབད་འཐབ་བྱས་དང་བྱེད་བཞིན་པ་དེ་རྒྱལ་ཁབ་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཐུག་པ་དང་། ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཐུག་པ། ཀྲུང་གོ་མི་དམངས་དུང་ཕྱུར་དུ་མའི་གཟི་བརྗིད་དང་ཕུགས་བསམ་ལ་ཐུག་ཡོད་ཅེས་བརྗོད་ཆོག

        འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པ ”ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བའི་འགག་སྒྲོལ་དུས་སྐབས་ཤིག་རེད། གོ་སྐབས་དང་འགྲན་སློང་གི་མདུན་དུ་ཀྲུང་གོས་བྱས་རྗེས་ཆེན་པོ་འཇོག་ཐུབ་ལ་འབད་འབུངས་ལྷོད་མེད་བྱས་ནས་མདུན་ལམ་ཡག་པོ་ཞིག་ཀྱང་གཏོད་དགོས་ངེས་རེད། དུས་བབ་གསར་པ་དང་ལས་འགན་གསར་པ་དེས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཧ་ཅང་ཆེན་པོ་དང་དེ་བཞིན་འབད་འབུངས་ཀྱི་ངལ་རྩོལ་དང་། ཟོལ་མེད་ཀྱི་ངལ་རྩོལ། གསར་གཏོད་ཀྱི་ངལ་རྩོལ་བཅས་བྱེད་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ནང་རང་འགུལ་ངང་ཞུགས་དགོས་པའི་བླང་བྱ་བཏོན་ཡོད། དུས་རབས་ཀྱིས་ཀྲུང་གོའི་བཟོ་པའི་གྲལ་རིམ་ལ་བླ་ན་མེད་པའི་ལས་འགན་ཞིག་དཀྲིས་ཤིང་། གཟི་བརྗིད་སྲོལ་རྒྱུན་ལྡན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱིས་དུས་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་ཐུབ་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་ཐུབ་ངེས་རེད་ལ་སྒྱུར་བཅོས་ཀྱི་གཙོ་ཤུགས་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས། བརྟན་ལྷིང་གི་རྨང་རྡོ་བཅས་ཀྱི་ནུས་པའང་འདོན་སྤེལ་སྔར་ལས་ལྷག་པ་བྱེད་ཐུབ་ངེས་རེད།

        ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་ཡར་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱ་ཆེའི་ངལ་རྩོལ་པའི་གསར་གཏོད་ཀྱི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་པ་དང་ཏང་གི་སྲིད་སྐྱོང་བྱེད་སྒོ་ཡིན་ཕྱིན་ཐམས་ཅད་སྟོབས་དང་ལྡན་པའི་མང་ཚོགས་ཀྱི་ལས་ཀ་དང་ཁ་འབྲལ་ཐབས་མེད་ཅིང་། རྒྱ་ཆེའི་ངལ་རྩོལ་པར་དམ་པོར་བརྟེན་རྒྱུ་དང་སེམས་ཁུར་ཏན་ཏིག་བྱ་རྒྱུ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ནང་གི་ཆེས་གལ་ཆེན་དང་ཆེས་རྩ་བར་གྱུར་པ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་ཐོན་ཁུངས་དང་བྱ་ཐབས་དེ་བས་མང་པོ་བཟོ་ཚོགས་རྩ་འཛུགས་ལ་སྤྲོད་པ་དང་ཆབས་ཅིག་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ཐོག་མཐའ་བར་གསུམ་དུ་ལངས་ཏེ་ཁོང་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཁོང་ཚོ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཁོང་ཚོར་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རིམ་ཁག་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བྱེད་པ་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་ཐོག་ཁེ་ལས་ཀྱིས་བཟོ་ཚོགས་རྩ་འཛུགས་ཡོངས་ཁྱབ་ཏུ་འཛུགས་རྒྱུ་དང་གླ་ཕོགས་མཉམ་སྡེབ་ཀྱིས་གྲོས་མོལ་ཡོངས་ཁྱབ་ཏུ་བྱ་རྒྱུར་མུ་མཐུད་ཁྲིམས་ལུགས་ལྟར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་ལྡན་པའི་ངལ་རྩོལ་འབྲེལ་བ་ཞིག་བཙུགས་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས།

        ངལ་རྩོལ་ནི་བདེ་སྐྱིད་མཐའ་དག་གི་འབྱུང་ཁུངས་ཡིན་ཞིང་། སྤྱིར་བཏང་གི་དཀའ་ཚེགས་ཆེ་བའི་ངལ་རྩོལ་དེ་ལས་བདེ་སྐྱིད་ལྡན་པའི་འཚོ་བ་དང་དར་ཤིང་རྒྱས་པའི་སྤྱི་ཚོགས་བྱུང་། འདས་ཟིན་པར་ཕྱིར་ལྟ་བྱེད་སྐབས་ཀྲུང་གོས་བཏོད་པའི་བྱས་རྗེས་ངོ་མཚར་ཅན་དང་ཀྲུང་གོས་བརྩམས་པའི་གཡོ་འགུལ་ཐེབས་པའི་མཉམ་སྒྲོག་རོལ་དབྱངས་ནང་རྒྱ་ཆེའི་ངལ་རྩོལ་པའི་བློ་གྲོས་དང་རྔུལ་ཆུ་མ་འདུས་པ་གཅིག་ཀྱང་མེད། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ངལ་རྩོལ་གྱི་སྤྲོ་སེམས་དེ་བས་ཆེན་པོ་དང་གསར་གཏོད་ཀྱི་གསོན་ཤུགས་དེ་བས་ཆེན་པོའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ནང་ཞུགས་ཏེ་ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཀྱིས་འོད་སྟོང་སྔར་ལས་ལྷག་པ་འཕྲོ་བའི་ལེའུ་ཞིག་རྩོམ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།