དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རླབས་ཆེན་གྱི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ“ལོ་ལྔ་ཚན་བཅུ་གཉིས་པར”འབད་འཐབ་བྱེད་མཁན་གྱི་གདོང་ལེན་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        དེ་རིང་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པས་རང་ཉིད་ཀྱི་དུས་ཆེན་ཏེ “ལྔ་གཅིག ”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བསུས་ཡོད། ང་ཚོས་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཚོར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་འཐབ་ཕྱོགས་ཁག་གི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། “ལྔ་གཅིག ”གི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་ཀྱིས་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ་རང་ལྗོངས་ཀྱི་2011ལོའི་རྒྱལ་ཡོངས “ལྔ་གཅིག ”ངལ་རྩོལ་གྱི་གཟེངས་བསྟོད་ལག་ཁྱེར་དང་གཟེངས་རྟགས་ཐོབ་མཁན་དང་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་པའི་མཚན་སྙན་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་ཏེ་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སྤྱང་གྲུང་དང་བློ་གྲོས་དང་གསར་གཏོད་ཀྱི་གསོན་ཤུགས་ལ་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་དང་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པས་མཚོན་བྱེད་དུ་བྱས་པའི་ལྗོངས་ཡོངས་ཀྱི་ངལ་རྩོལ་མང་ཚོགས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་ཁར་སྤྱི་ཚོགས་ཡོངས་ཀྱིས་སྔོན་ཐོན་དཔེ་བཟང་མི་སྣར་སློབ་སྦྱོང་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་ཞུང་གིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་བརྩི་བཀུར་དང་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་ལྗོངས་ཡོངས་ཀྱི་ངལ་རྩོལ་པས་གཟི་བརྗིད་ཀྱི་འགན་འཁྲི་འཁུར་བ་དང་། ངལ་རྩོལ་གྱི་སྤྲོ་སེམས་འཕེལ་བ། མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་ཀྱི་ཆོད་སེམས་དང་སྟོབས་ཤུགས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་ངེས་རེད།

        ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་ངལ་རྩོལ་པ་ནི་རླབས་ཆེ་ཤོས་ཡིན། ངལ་རྩོལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཁར་ངལ་རྩོལ་དཔེ་བཟང་བ་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་། རྒྱལ་ཁབ་ཀྱི་གཙོ་ཤུགས། སྤྱི་ཚོགས་ཀྱི་སྲོག་ཤིང་དང་མི་དམངས་ཀྱི་དཔེ་བཟང་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་མཆོག་ནོར་ཞིག་ཡིན། དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་ལག་ལེན་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་ངལ་རྩོལ་མང་ཚོགས་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་བྱས་པ་དང་ཁོང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་རླབས་རྒྱུན་གྱི་མདུན་དང་དུས་རབས་ཀྱི་མདུན་གྲལ་དུ་ལངས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོབ་དང “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་སྟེ་ལས་གཅེས་ལས་བཀུར་དང་། རྩེར་སོན་གཏོད་པ། ཁེ་གྲགས་དོན་གཉེར་མི་བྱེད་པ། ལེགས་སྐྱེས་འབུལ་འདོད་ཆེ་བ་བཅས་ཀྱི་སྒོ་ནས་སྤྱིར་བཏང་གི་ལས་གནས་ཐོག་འོད་སྟོང་འཕྲོ་བའི་ལས་ཀའི་བྱས་རྗེས་གཏོད་དེ་བཟོ་པའི་གྲལ་རིམ་གྱི་རླབས་ཆེན་གཤིས་རྒྱུད་གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དང་འབད་བརྩོན་ལྷོད་མེད་ཀྱི་བླ་ན་མེད་པའི་གཤིས་རྒྱུད་གང་ལེགས་མངོན་ཡོད། ཁོང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་ལོ་རྒྱུས་ཀྱི་ལེའུ་ཐུན་མོང་ཐོག་བརྩམས་པ་དང་གངས་ལྗོངས་ས་མཐོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་རབས་ཀྱི་ལེའུ་བརྩམས་ཡོད།

        མི་དམངས་ཀྱིས་ལོ་རྒྱུས་ལ་སྐུལ་འདེད་དང་ངལ་རྩོལ་གྱིས་རླབས་ཆེན་བྱ་གཞག་བཏོད་ཅིང་། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་ལོ་ཞིག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཞིག་འཛུགས་རྒྱུ་འགན་ལེན་བྱ་ཆེད་ལྗོངས་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པས་མཚན་སྙན་ལ་གཅེས་སྤྲས་དང་། རང་གཤིས་རྒྱུན་འཁྱོངས། ང་རྒྱལ་དང་འཚབ་འཚུབ་མི་བྱེད་པ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་སྤྲོ་སེམས་དེ་བས་ཆེ་བ་དང་ཉམས་འགྱུར་དེ་བས་གསར་བའི་ཐོག་ནས་ལས་ཀའི་ལག་ལེན་དངོས་ནང་ཞུགས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུའི་ཁྲོད་སྣེ་ཁྲིད་པ་ཞིག་བྱེད་པ་དང་ཏང་དང་མི་དམངས་ཆེད་སླར་ཡང་བྱས་རྗེས་འཇོག་པ་དང་གྲུབ་འབྲས་ལེགས་ཤོས་གཏོད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་དང་མི་རིགས་ཁག་གི་ངལ་རྩོལ་མང་ཚོགས་ཚོས་བདག་པོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རླབས་ཆེན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་བསམ་བློ་སྔར་བས་བཅིངས་འགྲོལ་གཏོང་བ་དང་། འབད་འབུངས་ཡར་བརྩོན་བྱེད་པ། ངལ་རྩོལ་གྱི་རྩལ་ནུས་མཐོ་རུ་ཧུར་ཐག་གཏོང་བ། ཐོན་སྐྱེད་ནུས་པར་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ངལ་རྩོལ་དཔེ་བཟང་གི་ལས་དོན་དེ་དེ་བས་གལ་ཆེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ། བདེ་ཐང་བཅས་ལ་དོ་ཁུར་ཏན་ཏིག་བྱས་ཏེ་ཁོང་ཚོར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་བྱེད་དགོས་པ་དང་སྦྲགས་སེམས་ནུས་ཡོད་རྒུས་དཀའ་གནད་ཐག་གཅོད་བྱེད་པ་དང་བྱ་བཟང་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་ཀྱིས་འཚོ་བའི་ནང་དམིགས་བསལ་གྱི་དཀའ་ངལ་འཕྲད་པའི་ངལ་རྩོལ་དཔེ་བཟང་བ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ངལ་རྩོལ་དཔེ་བཟང་བའི་དཀའ་ངལ་ངོ་མ་ཐག་གཅོད་འོས་འཚམས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་ཁོང་ཚོར་ཚོར་ཐུབ་པ་བྱེད་དགོས། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ངལ་རྩོལ་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་འགན་ནུས་ཁག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་ཕྱོགས་མཚུངས་ངལ་རྩོལ་དཔེ་བཟང་གི་ལས་དོན་མངོན་གསལ་དུ་ཡག་པོ་སྒྲུབ་སྟེ་ངལ་རྩོལ་དཔེ་བཟང་གི་ཁེ་དབང་ཁག་སྲུང་སྐྱོབ་ཏན་ཏིག་བྱས་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་པའི་གྲལ་རིམ་གྱི་རླབས་ཆེན་གཤིས་རྒྱུད་དར་སྤེལ་ཧུར་ཐག་བཏང་ཐོག་སྤྱི་ཚོགས་ཧྲིལ་པོར་ངལ་རྩོལ་དཔེ་བཟང་བ་གོང་དུ་བཀུར་བ་དང་། ངལ་རྩོལ་དཔེ་བཟང་བར་སློབ་སྦྱོང་བྱེད་པ། ངལ་རྩོལ་དཔེ་བཟང་བ་བྱ་རྒྱུའི་བརྩོན་ལེན་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།

        བརྗིད་ཆེའི་དམིགས་ཚད་དེ་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་ཡོང་བ་བྱེད་དགོས་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ངལ་རྩོལ་གསར་གཏོད་ལ་བརྟེན་དགོས། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷག་དོན་དུ་རྒྱ་ཆེའི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་པར་འཇོན་ཐང་ངོམས་པ་དང་། མེས་རྒྱལ་ལ་དྲིན་ལན་འཇལ་བ། མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཆེད་ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་དང་གར་སྟེགས་ཤིག་གཏོད་རྒྱུའི་འགན་ལེན་བྱེད་དགོས། ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་འོག་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་ལས་དོན་པས་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་འབད་འབུངས་བྱེད་པའི་བློ་སྟོབས་དང་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་དེ་བས་མཛེས་སྡུག་པའི་ངལ་རྩོལ་པའི་བསྟོད་གླུ་རྩོམ་པ་དང་གངས་ལྗོངས་ས་མཐོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།