དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “ཆོས་ལུགས་གཙོ་འཛིན”ཟེར་བའི་གཡོ་སྒྱུ་གསར་ཤོས་ལ་གཟིགས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “ཆོས་ལུགས་གཙོ་འཛིན ”གྱི་ཕྱི་གོས་གྱོན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ད་ལོའི་ཟླ་4ཚེས་2ཉིན་རྒྱ་གར་གྱི་རྡི་ལི་གསར་པའི་བྱེད་སྒོའི་འདུ་ཚོགས་ཤིག་གི་ཐོག་ཏུ་སླར་ཡང་ཁོ་པས་རྒྱུན་དུ་སྤྱོད་པའི་གཡོ་སྒྱུ་འཁྲབ་སྟེ་བོད་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་དོ་ཁུར་བྱ་རྒྱུར་ཁ་གཡར་ནས་ཀྲུང་གོའི་ཁོར་ཡུག་སྲིད་ཇུས་ལ་ཚིག་རྩུབ་སྨོད་འདེབས་བྱས་ཏེ་ཀྲུང་གོས་བོད་དུ་འཛིན་པའི་ཁོར་ཡུག་སྲིད་ཇུས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་སྐྱོན་འཛུགས་བྱས་པ་དང་འབྲེལ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་ཞེས་རྒྱ་གར་ལ་ངན་སྐུལ་བྱས།

        ཏཱ་ལས་བོད་ཀྱི་འཁྱག་རོམ་བཞུར་མགྱོགས་སུ་འགྲོ་བ་དེས་རྒྱ་གར་ཆུ་བོ་དང་། མེ་ཀུང་ཆུ་བོ། དེ་བཞིན་ཆུ་བོ་གང་གཱ་བཅས་རྒྱུག་ཁུལ་གྱི་ཆུ་ཁུངས་ལ་ཤུགས་རྐྱེན་ཐེབས་སྲིད་པས་རྒྱ་གར་གྱིས་གནད་དོན་དེར “དོ་ཁུར་བྱེད་དགོས་པ ”དང་འབྲེལ་ཀྲུང་གོར་བྱེད་ཐབས་ནུས་ལྡན་སྤྱོད་དགོས། “རྒྱ་གར་བ་ཁྲི་བརྒྱ་ཕྲག་མང་པོའི་འཐུང་ཆུ་རི་བོ་ཧི་མ་ལ་ཡའི་འཁྱག་རོམ་ནས་བྱུང་བས་ས་མཐོའི་སྣོད་བཅུད་ཀྱི་གནད་དོན་དེར་ཁྱེད་ཚོར་དོ་ཁུར་བྱེད་དབང་ཡོད་པ་སྨོས་མེད་ཡིན ”“དོན་དེ་གལ་ཤིན་ཏུ་ཆེ་བ་ཞིག་ཡོད ”ཅེས་སྐད་ཅོར་བརྒྱབ་པ་རེད།

        རྒྱ་གར་ལ་སྔར་བས་ངན་སྐུལ་དང་སྒྲོ་བཏགས་འཇིགས་སྐུལ་བྱེད་ཆེད་ཏཱ་ལས་དེ་བས་ཀྱང་བྱེད་ཐབས་གང་ཡོད་སྤྱད་དེ་དོན་དངོས་རྫུན་བཟོ་བྱེད་པ་དང་། ཚིག་རྩུབ་དམའ་འབེབས་གཏོང་བ། ཀྲུང་གོའི་ཁོར་ཡུག་སྲིད་ཇུས་ལ་རྐང་བཙུགས་ནས་དམའ་འབེབས་གཏོང་བ་བཅས་བྱས་ནས་བོད་ཀྱི “བཞུར་བའི་གངས་ཆུ་དང་། གང་བྱུང་དུ་བཅད་པའི་ནགས་ཚལ། གཏེར་ཁ་བསྔོགས་ནས་སྦགས་བཙོག་ཆགས་པའི་ཆུ་ཁུངས་དེ་བས་མང་བ་བཅས་དེ་དག་ཚང་མ་ཐག་གཅོད་བྱ་རྒྱུ་དགོས་གཏུགས་ཤིན་ཏུ་ཆེ་བ་ཞིག་དང་ནར་འགྱང་གཏན་ནས་བྱེད་མི་རུང་བའི་གནད་དོན་ཞིག་རེད ”ཅེས་བཤད་པ་རེད།

        དབྱེ་ཞིབ་ཞིབ་ཕྲ་བྱས་ཚེ་སྐྱེས་བུ་མིག་དང་ལྡན་པ་ཞིག་ཡིན་ཕྱིན་བོད་ལྗོངས་ས་མཐོའི་ཁོར་ཡུག་གི་གནད་དོན་ལ་དོ་ཁུར་བྱེད་དགོས་ཟེར་བའི་ཏཱ་ལའི་གཏམ་འཆལ་དེར་གཤམ་གསལ་གྱི “ངན་སེམས ”འདི་དག་ཚུད་ཡོད་པ་སྟེ།

        དང་པོ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་དོ་ཁུར་བྱེད་རེ་བྱེད་ཀྱི་ཡོད།

        མེས་རྒྱལ་ཁ་ཕྲལ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་མཁན་ཏཱ་ལའི་གཏམ་འཆལ་ཡོད་དོ་ཅོག་གི་གཞི་འཛུགས་ས་ཚང་མ་ནི་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གཏོར་བཤིག་གཏོང་བ་དང་། བོད་ཕུང་ཆོས་གནོད་དང་རྒྱལ་ཕུང་དམངས་གནོད་བྱེད་ཆེད་ཡིན་པ་རེད། དེར་བརྟེན་ཕམ་ཉེས་བྱུང་བར་སྡུག་ཁུར་བྱེད་འདོད་མེད་པའི་ཏཱ་ལས་ལྐོག་གཡོ་རེ་རེ་བཞིན་ཕམ་ཉེས་བྱུང་རྗེས་ཕུ་དཀྲུག་མདའ་དཀྲུག་རེ་རེ་བཞིན་བྱེད་པ་དང་གཡོ་ཐབས་བསྒྱུར་ནས་གཏོར་བཤིག་བཏང་ཐོག “བོད་ཀྱི་གནད་དོན ”ཟེར་བ་རྒྱལ་སྤྱི་ཅན་དུ་འགྱུར་རེ་བྱེད་ཀྱི་ཡོད་པ་རེད། ན་ནིང་ཕྱི་རྒྱལ་གྱི་དྲ་ཚིགས་གཅིག་གིས་ཨ་རིའི་གསང་བའི་ཕྱི་འབྲེལ་ཡིག་ཆ་ཞིག་སྟོན་པ་དང་ཡིག་ཆའི་ནང་2009ལོའི་ཚོགས་འདུ་ཞིག་གི་ཐོག་ཏུ་ཏཱ་ལས་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཞིག་ལ་ཆབ་སྲིད་གྲོས་རིམ་གྱིས་ཁོར་ཡུག་གནད་དོན་ལ་བསམ་ཤེས་བྱེད་དགོས། “ཆབ་སྲིད་གྲོས་རིམ་དེ་ལོ་ལྔ་ནས་བཅུ་བར་ནར་འགྱང་བྱེད་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ས་དེ་བོད་ལྗོངས་ས་མཐོའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་འགྱུར་བ་བྱེད་དགོས ”ཞེས་བཤད་པ་རེད། ཏཱ་ལས་ཁོར་ཡུག་གི་གནད་དོན་དེ་ཚད་བརྒལ་སར་བྱས་ནས་ཀྲུང་གོར་དམའ་འབེབས་གཏོང་བའི་ཚོད་མི་ཐིག་པའི་ངན་རྩིས་དེ་དམར་རྗེན་དུ་ཐོན་ཡོད་ཅེས་བཤད་ཡོད་པ་དང་།

        གཉིས་པ། ཁོར་ཡུག་སྲུང་སྐྱོང་མི་སྣ་དང་སྲིད་གཞུང་མིན་པའི་རྩ་འཛུགས་ཁག་གཅིག་གི་རྒྱབ་སྐྱོར་ཐོབ་རེ་བྱེད་པ།

        ཏཱ་ལའི་ངོས་ནས་བཤད་ན། གལ་སྲིད་ཁོ་པའི “རེ་འབོད ”དེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྐྱོང་པའི་མཐོ་ཚད་དུ་འུད་བསྟོད་བྱས་ཚེ་དེས་ཁོ་པར་རྒྱབ་སྐྱོར་བྱེད་མཁན་དེ་བས་མང་བ་ཞིག་ཡོང་ཐུབ། ཏཱ་ལས་བཤད་པའི་རྫུན་གཏམ་ཕྱིར་གྱར་རྗེས་གནས་ཚུལ་ངོ་མ་མི་ཤེས་པའི་ནུབ་ཕྱོགས་ཁོར་ཡུག་སྲུང་སྐྱོང་མི་སྣ་དང་ཧུར་བརྩོན་པ་འགའ་ཞིག་གིས་བོད་ལྗོངས་ས་མཐོའི་ཁོར་ཡུག་གི་གནད་དོན་ལ་སེམས་ཁུར་བྱེད་འགོ་ཚུགས་པ་དང་འབྲེལ་ཏཱ་ལའི “རེ་འབོད ”ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད། ཡུན་རིང་མ་སོང་གོང་འཇར་མན་གྱི་རྩ་འཛུགས་ཤིག་གིས་པེར་ལིན་དུ་འཚོགས་པའི་འདུ་ཚོགས་ཐོག་གནས་ཚུལ་ངོ་མ་མི་ཤེས་པའི་ཁོར་ཡུག་སྲུང་སྐྱོང་མི་སྣ་འགའ་ཞིག་གིས་གཏམ་བཤད་སྤེལ་ནས་བོད་དུ་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད། “ཏཱ་ལའི་ཆེད་བསྐོས་ཕོ་ཉ ”སྐལ་བཟང་རྒྱལ་མཚན་གྱིས་གཏམ་བཤད་བྱེད་སྐབས་ཁོར་ཡུག་གི་གནད་དོན་ནི “བོད་མི་དམངས་ལ་སྤྱི་དམངས་ཀྱི་འདེམས་བསྐོའི་དབང་ཆ་བཙན་འཕྲོག་བྱས་པའི་ནད་རྟགས་ཤིག་ཡིན་པས་བོད་ཀྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཇུས་གཞི་བཟོས་རྗེས་གནད་དོན་དེ་དག་གཞི་ནས་ཐག་གཅོད་བྱེད་ཐུབ ”ཅེས་དེ་བས་སྨྱོ་ཧམ་ཆེན་པོས་བཤད་ཡོད་པ་རེད། གཞན་ཡང་ནུབ་ཕྱོགས་ཀྱི་སྲིད་གཞུང་མིན་པའི་རྩ་འཛུགས་དང་བྱེད་སྒོ་མཁས་ཅན་འགའ་ཞིག་གིས་ཀྱང་ཏཱ་ལ་དང་ངན་སེམས་གཅིག་མཐུན་བྱས་ནས “བོད་མི་དམངས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་དུ་ཁོར་ཡུག་ལ་སོ་སོས་སྲུང་སྐྱོང་བྱེད་པ་ནི་ཆེས་རྩ་བར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན ”ཞེས་བཏོན་ཡོད་པ་རེད། ང་ཚོས “ཏཱ་ལའི་ཆེད་བསྐོས་ཕོ་ཉས ”ཁོར་ཡུག་གི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་ཟུང་འབྲེལ་བྱས་པའི་ཐོག་ནས་ཏཱ་ལས་ཁོ་པའི་ཆབ་སྲིད་ཀྱི་ལྐོག་གཡོ་དོར་མེད་པ་གསལ་པོར་མཐོང་ཐུབ་ཅིང་། བོད་ལྗོངས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ནི་ཁོ་པས་ཀྲུང་གོར་དམའ་འབེབས་གཏོང་བའི་ཁ་གཡར་ས་དང་མཚོན་ཆ་ཞིག་ཁོ་ན་ཡིན།

        གསུམ་པ། ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་རྒྱུའི་རེ་ངན་འཆང་བ།

        ཀྲུང་གོ་དང་རྒྱ་གར་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཏཱ་ལ་རྒྱ་གར་དུ་བྲོས་བྱོལ་བྱས་རྗེས་ཀྲུང་གོ་དང་རྒྱ་གར་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་རྒྱུའི་གོ་སྐབས་འཚོལ་བ་དང་རྒྱ་གར་ལ་བརྟེན་ནས་ཀྲུང་གོར་གནོན་ཤུགས་སྤྲད་དེ་སྐབས་བསྟུན་ཁེ་གཉེར་བྱས་ནས་མིར་ཤོད་མི་ཕོད་པའི་ཁོ་པའི་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད།

        བཞི་པ། དེ་ཡང་གལ་ཆེ་ཤོས་ཤིག་ཏེ་ཏཱ་ལས་ཀྲུང་གོའི་ཁོར་ཡུག་སྲིད་ཇུས་ལ་དམའ་འབེབས་གཏོང་བའི་ཆེས་མཐའ་མའི་དམིགས་ཡུལ་ཞིག་ནི “ཆོས་ལུགས་གཙོ་འཛིན ”གྱི་ཕྱི་གོས་ལ་བརྟེན་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མེས་རྒྱས་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོ་སྒྲུབ་པ་བྱ་རྒྱུ་དེ་རེད།

        ཏཱ་ལས་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྤྱང་ཀིའི་ངན་སེམས་དེ་སྤྲང་པོའི་རྒྱབ་ཀྱི་ཁུར་བོ་ལ། ནང་ན་ཅི་ཡོད་བརྒྱ་སྡེས་ཤེས་ཞེས་པ་ལྟར་རེད། ད་ཕན་ལོ་ཤས་རིང་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཆེ་རུ་ཕྱིན་པར་བརྟེན་ཏཱ་ལས་གོ་སྐབས་ཡོད་སྙམ་ནས་ཁོར་ཡུག་སྲུང་སྐྱོང་གི་དར་ཆེན་འཕྱར་ནས་བོད་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་དོ་ཁུར་བྱ་རྒྱུའི་གཏམ་འཆལ་སྤེལ་ཏེ་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དམའ་འབེབས་ཆེན་པོ་བཏང་བ་དང་སྐྱོན་འཛུགས་བྱས་ཐོག “བོད་ཀྱི་ཁོར་ཡུག་ལ་སྦགས་བཙོག་བཟོས་ཡོད ”“བོད་ཀྱི་རང་བྱུང་ཐོན་ཁུངས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད ”ཟེར་བ་སོགས་རྫུན་གཏམ་རེ་རེ་བཞིན་བཤད་དེ་གོ་སྐབས་དེ་དང་བསྟུན་ནས་མཐོང་ཐོས་ཪྙོག་བཟོ་བྱེད་པ་དང་རང་ཉིད “ཁོར་ཡུག་སྲུང་དམག ”གཅིག་ལ་རྫུན་ཆས་སྤྲོད་རྒྱུའི་ལྐོག་གཡོ་བཤམས་ཁར་མིག་དབང་འགུག་ཐབས་དང་ཉན་མཁན་གྱིས་དགའ་པོ་བྱེད་རེ་བྱེད་ཀྱི་ཡོད་པ་རེད། ན་ནིང་ཟླ་11པར་ཏཱ་ལས་བོད་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་དྲུག་པའི་ཐོག “སྣོད་བཅུད་སྲུང་སྐྱོང་ཐད་ཨེ་ཤེ་ཡར་འཚོ་བ་སྐྱེལ་མཁན་མི་དམངས་དུང་ཕྱུར་བཅུ་ཕྲག་གིས་བོད་ལྗོངས་ས་མཐོ་ནས་འབབ་པའི་ཆུ་བོར་བརྟེན་པ་དང་འབྲེལ་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་འགྲོ་བ་དེས་ཤུགས་རྐྱེན་ཐེབས་པར་བརྟེན་ཁོང་ཚོར་བོད་ཀྱི་སྣོད་བཅུད་ཀྱི་གནད་དོན་ལ་དོ་ཁུར་བྱེད་དབང་ཡོད ”ཅེས་བཤད་པ་རེད།

        ད་རེས་ཏཱ་ལས “འཁྱག་རོམ་བཞུར་བར ”ཁ་གཡར་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་གི་འདུག་ཅེས་དམའ་འབེབས་གཏོང་བ་དེ་ནི་ཁོ་པའི་གཡོ་སྒྱུ་གཞན་ཞིག་ཡིན་ལ་དོན་དངོས་ལ་མི་བལྟོས་པར་ཀྲུང་གོར་རྐང་བཙུགས་ནས་དམའ་འབེབས་གཏོང་ཐེངས་གཞན་ཞིག་ཀྱང་ཡིན།

        ཚང་མས་ཤེས་གསལ་ལྟར། བོད་ལྗོངས་ས་མཐོ་ནི་འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཀྱི་ས་མཐོ་ཞིག་ཡིན་པ་དང་འབྲེལ་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་འཁྱག་ཁུངས་ཆེ་ཤོས་ཡོད་པར་བརྟེན་བོད་ལ་སའི་གོ་ལའི “སྣེ་མོ་གསུམ་པ ”ཞེས་བརྗོད་ཀྱི་ཡོད་པ་རེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་བོད་ཀྱི་འཁྱག་རོམ་བཞུར་ཚད་མགྱོགས་སུ་འགྲོ་བ་དེ་ནི་རྩོད་ཐབས་མེད་པའི་ཚན་རིག་དང་མཐུན་པའི་དོན་དངོས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་ཨུ་ཡོན་ལྷན་ཁང་གིས་གལ་སྲིད་མིག་སྔའི་དྲོ་རུ་འགྲོ་བའི་འཕེལ་ཚུལ་མུ་མཐུད་རྒྱུན་མཐུད་བྱས་ཚེ་ཧི་མ་ལ་ཡའི་འཁྱག་རོམ་དེ་ལོ་30ནང་ཚུན་དུ་80%མེད་པར་འགྱུར་རྒྱུ་རེད་ཅེས་སྔོན་དཔག་བྱས་ཡོད་པ་རེད།

        དེ་དང་ཆབས་ཅིག་ཚན་རིག་གི་རྒྱུན་ཤེས་ཏོག་ཙམ་ཤེས་མཁན་དག་གིས་བོད་ཀྱི་འཁྱག་རོམ་བཞུར་བ་དེ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་རྐྱེན་གྱིས་ཡིན་པ་ལས་མིའི་རྒྱུ་རྐྱེན་གང་རུང་གིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་ནས་བྱུང་བ་ཞིག་མིན་པ་ཤེས་ཐུབ། མ་ཟད་འཁྱག་རོམ་བཞུར་བ་དེས་ཀྲུང་གོར་ཤུགས་རྐྱེན་ཨང་དང་པོར་ཕོག་པ་དང་མིག་སྔར་ཨེ་ཤེ་ཡ་ལྷོ་མར་ཤུགས་རྐྱེན་གང་རུང་ཐེབས་པའི་དཔང་རྟགས་ད་དུང་མེད། ཕྱོགས་གཞན་ཞིག་གི་ཐོག་ནས་བརྗོད་ན་ཤུགས་རྐྱེན་ཡོད་པའི་དབང་དུ་བཏང་ནའང་དེ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པ་ལས་ཀྲུང་གོ་བས་བཟོས་པ་ཞིག་མིན།

        གནམ་གཤིས་དྲོ་རུ་ཕྱིན་ནས་འཁྱག་རོམ་བཞུར་བར་ཁ་གཡར་ནས་ཀྲུང་གོའི་ཁོར་ཡུག་སྲིད་ཇུས་ལ་དམའ་འབེབས་བྱེད་པ་དེ་ནི་ཏཱ་ལའི་སྡིག་ཉེས་ཀྱི་དམིགས་ཡུལ་སྒྲུབ་ཆེད་ཚན་རིག་གི་དོན་དངོས་ལ་མི་བལྟོས་པར་ཀྲུང་གོར་ཚིག་རྩུབ་སྨོད་འདེབས་བྱེད་པའི་སྡིག་ཉེས་ཀྱི་དཔང་རྟགས་གཞན་ཞིག་ཡིན།

        ཚན་རིག་གི་དོན་དངོས་ལ་མི་བལྟོས་པ་ལྟ་ཅི་ད་དུང་ཏཱ་ལས་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ལ་དམའ་འབེབས་གཏོང་བ་དེ་ཡང་དོན་དངོས་གང་བྱུང་འཁྱོག་བཤད་བྱས་པ་ཞིག་རེད།

        དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་དང་བྱེད་ཐབས་ཧུར་ཐག་སྤྱད་པར་བརྟེན་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་སྟེ།

        2009ལོའི་ཟླ་བ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད 》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་ཏེ་ལོ་ལྔ་ཚན་འཆར་འགོད་ལྔ་ཡི་ནང་མ་དངུལ་སྒོར་དུང་ཕྱུར་155གཏོང་བ་དང་། རིགས་ཆེན་པོ་གསུམ་གྱི་རྣམ་གྲངས་བཅུ་ཡི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱས་ཏེ་2030ལོར་སླེབས་སྐབས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྩ་བའི་ཆ་ནས་སྐྲུན་རྒྱུའི་སྐོར་བཏོན་ཡོད། མིག་སྔའི་བར་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་41ལྷག་ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱ་རྒྱུའི་བདག་ཏུ་མི་བཟུང་བའི་སྲོག་ཆགས་སྣ་ཁ་125དང་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་རྩི་ཤིང་སྣ་ཁ་39སྲུང་སྐྱོང་ཁུལ་ནང་སྲུང་སྐྱོང་བཟང་པོ་བྱུང་བ། རྒྱལ་སྤྱིའི་སྲོག་ཆགས་རིག་པའི་ལས་རིགས་ཀྱིས་སྟོངས་ཟིན་པའི་བོད་ཤཱ་བ་སེར་ཆེན་སྲུང་སྐྱོང་ཁུལ་ནང་སླར་ཡང་མཐོང་རྒྱུ་ཡོད་པ་དང་འབྲེལ་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས་པ། གཙོད་ཀྱི་གྲངས་འབོར་ཡང་ལོ་རེ་བཞིན་མང་དུ་ཕྱིན་ནས་མིག་སྔར་ཁྲི་15ཙམ་ཟིན་པ་བཅས་དང་ཆབས་ཅིག་བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་ནན་དུ་བཏང་སྟེ་ཤོག་བཟོ་དང་རྫས་འགྱུར་བཟོ་ལས་སོགས་སྦགས་བཙོག་བཟོ་ཆེ་བ་དང་ནུས་རྒྱུ་ཟད་ཚད་ཆེ་བའི་བཟོ་ལས་འཛུགས་རྒྱུ་གཏན་འགོག་དང་། ནུས་རྒྱུ་ཟད་ཚད་ཆེ་བ་དང་སྦགས་བཙོག་བཟོ་ཆེ་བའི་ཁེ་ལས་གསར་དུ་འཛུགས་རྒྱུ་གཏན་འགོག ནུས་རྒྱུ་ཟད་ཚད་ཆེ་བའི་རྣམ་གྲངས་གསར་སྤེལ་བྱ་རྒྱུར་ཚོད་འཛིན་ནན་པོ། རྗེས་ལུས་ཀྱི་ཐོན་སྐྱེད་བཟོ་རྩལ་ཚད་བཀག་དང་མེད་པ་བཟོ་བ། སྔོན་ཐོན་བཟོ་རྩལ་སྤྱོད་རྒྱུར་སྐུལ་ལྕག་བཅས་བྱས་པར་བརྟེན་མཁའ་རླུང་གི་སྤུས་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བྱུང་བ་དང་།

        2010ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་དང་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཐོག་བཞག་སྟེ་གཅིག་འདོམས་བསམ་གཞིགས་བྱས་པར་བརྟེན་བོད་ཀྱི་སྣོད་བཅུད་ཁོར་ཡུག་གི་འཐབ་ཇུས་གནས་བབ་གསལ་དུ་ཕྱིན་པའི་ཐོག་བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བྱེད་པའི་འཐབ་ཇུས་དམིགས་ཚད་དང་ལས་འགན་གལ་ཆེན་ཡང་བཏོན་པ།

        སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྩ་གནད་ནང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་པ་དང་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཐོག་ནས་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་ངང་མཉམ་སྐྱོད་ཐུབ་པ་བྱ་རྒྱུ་ཁ་གསལ་བཏོན་པ།

        2011ལོའི་ཟླ་བ་གསུམ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་ཚོགས་འདུ་འཚོགས་ནས 《མཚོ་བོད་ས་མཐོའི་ས་ཁོངས་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་འཆར་འགོད (2011ལོ་ནས་2030ལོ་བར )》ལ་གྲོས་ཞིབ་གྲོས་འཆམ་བྱས་པ་དང་བོད་དང་། མཚོ་སྔོན། སི་ཁྲིན། ཡུན་ནན། ཀན་སུའུ། ཤིན་ཅང་བཅས་ཞིང་ཆེན་དྲུག (རང་སྐྱོང་ལྗོངས )གི་ས་ཁུལ་27གྱི་རྫོང་179ཚུད་པའི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་གཏོང་རྒྱུ་བཅས་རེད།

        དོན་དངོས་གྲངས་མེད་ཐོག་ནས་སྲིད་གཞུང་གི་མཐོང་ཆེན་དང་བྱེད་ཐབས་གནད་ལ་འཁེལ་བ་བྱུང་བས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ཐོག་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པའི་ཁར་རང་བྱུང་གི་གདོད་མའི་རྣམ་པ་རྩ་བའི་ཆ་ནས་རྒྱུན་འཁྱོངས་བྱུང་སྟེ་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད།

        ཀྲུང་གོས་སྤྱད་པའི་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཐབས་དང་བསྡུར་ན་ཏཱ་ལས་ཟེར་བའི་གངས་ལྗོངས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་ནི “རེ་འབོད ”ཟོལ་མ་ཁོ་ན་ཙམ་ཞིག་ཡིན། ཁོ་པའི་རེ་འབོད་ནི་གཞན་ལ་མགོ་སྐོར་གཏོང་བའི་ལག་ཆ་ཞིག་ཡིན་པ་སྟེ། ཁོ་པ་ནི་ཐོག་མ་ཉིད་ནས་ཁོར་ཡུག་སྲུང་སྐྱོང་གི “སྲུང་དམག་རྫུས་མ ”ཞིག་ཡིན་པས་ཡིན། 2009ལོར་འབྲེལ་ཡོད་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིས་པར་ལེན་བྱས་པའི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་སྐོར་གྱི་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་པར་གཞིའི་ནང་སྨྱན་སྦྱོར་ཡོད་དོ་ཅོག་གིས་ཏཱ་ལར་མ་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཁོ་པ་པར་གཞི་དེའི་ནང་སྐར་ཆ་བཅུ་ལས་དོན་ཡས་བྱུང་མེད། གང་ཡིན་ཞེ་ན་སྨྱན་སྦྱོར་པ་ཡོད་དོ་ཅོག་གིས་ཁོ་པ་ནི “ཁོར་ཡུག་སྲུང་དམག ”དངོས་འབྲེལ་ཞིག་མ་ཡིན་པར “ཆབ་སྲིད་ཀྱི་འཁྲབ་སྟོན ”ཁོ་ནར་དོ་སྣང་བྱེད་མཁན་ཞིག་ཡིན་པ་གསལ་པོར་ཤེས་པས་ཡིན། ཆབ་སྲིད་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་པར་ལེན་བྱེད་པ་དང་ཁ་ཕྲལ་གྱི་ལྐོག་གཡོའི་ཆེད་དུ་ཁོར་ཡུག་སྲུང་སྐྱོང་ཐད་རེ་འབོད་བྱེད་མཁན་དེ་ནི་ཏཱ་ལ་ཡིན་ལ་ཡུལ་གྱར་སྲིད་གཞུང་གི་གདོང་རིས་ངོ་མ་དེ་ཡང་ཡིན།

        དོན་དངོས་ཀྱི་ཐོག་ནས་ཚན་རིག་གི་དོན་དངོས་དང་ཕྱི་རོལ་གྱི་དངོས་ཡོད་ལ་མ་བལྟོས་པར་ཀྲུང་གོའི་སྲིད་ཇུས་ལ་སྐྱོན་མེད་སྐྱོན་འཚོལ་བྱེད་མཁན་ཏཱ་ལས་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་མངའ་ཁོངས་ཕྱིར་ཀྲུང་གོའི་གཟུགས་བཪྙན་ལ་གཏོར་བཤིག་གཏོང་བའི་ཁ་གཡར་ས་དང་ལག་ཆར་བྱེད་མོད། འོན་ཀྱང་ཏཱ་ལས “ཆོས་ལུགས་གཙོ་འཛིན ”གྱི་ཕྱི་གོས་གང་ཞིག་གྱོན་ཡང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཁོ་པའི་སྲིད་ཚོང་གི་ངོ་བོ་དེ་ནམ་ཡང་འགྱུར་མི་སྲིད་པའི་ར་སྤྲོད་བྱུང་ཡོད། ཏཱ་ལའི་གཏམ་སྤྱོད་གསར་པའི་ཐོག་ནས་ཉེ་ཆར་རྒན་ཡོལ་ཞུ་གི་ཡིན་ཟེར་སྐད་ཅོར་རྒྱག་མཁན་ཏཱ་ལ་ནི་སྔར་བཞིན “ཆོས་ལུགས་གཙོ་འཛིན ”གྱི་དར་རྟགས་འཕྱར་མཁན་གྱི་ཆབ་སྲིད་ཡུལ་གྱར་བ་ཞིག་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་མཁན “བོད་རང་བཙན ”གྱི་སྤྱིའི་འགོ་པ་ཡིན་པ་ང་ཚོས་གསལ་པོར་མཐོང་ཐུབ།

        རྫུན་གཏམ་ཇི་ཙམ་བཤད་རུང་དོན་དངོས་ཀྱིས་དེ་དག་གི་མཐིལ་བརྟོལ་ཡོད། མེས་རྒྱལ་ཁ་ཕྲལ་བཏང་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རྒྱུའི་སྟོང་བསམ་དེ་ནི་ཁྲོན་པའི་ནང་གི་རུས་སྦལ་དང་གླེན་པས་གཉིད་ལབ་རྒྱབ་པ་ཞིག་རང་རེད། མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་དེ་སྒྲུབ་ཆེད་ཏཱ་ལས “ཆོས་ལུགས་གཙོ་འཛིན ”གྱི་ཕྱི་གོས་གྱོན་ནས་གང་སར་དཀྲོག་གཏམ་བཟོས་མོད། འོན་ཀྱང་ཁོ་པའི་རྫུན་གཏམ་གྱིས་སྐབས་ཤིག་རིང་མི་ལ་མགོ་སྐོར་གཏོང་ཐུབ་ཀྱང་རྦད་དེ་མགོ་སྐོར་གཏོང་མི་ཐུབ། ང་ཚོས་མདུང་རྩེ་ཁ་སྤྲོད་ཀྱིས་དོན་དངོས་དྲངས་ནས་ཁོ་པའི་རྫུན་གཏམ་གྱི་ཚང་བརྟོལ་དགོས་པ་མ་ཟད། ཁོ་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་བྱས་ཏེ་མི་དེ་བས་མང་པོ་ཞིག་གིས་ཁོ་པའི་རྫུན་གཏམ་ཤེས་པ་དང་། ཁོ་པའི་གཡོ་ཐབས་ཀྱི་མཚང་བརྟོལ་བ། ཁོ་པའི་ངོ་བོ་གསལ་རྟོགས་ཐུབ་པ་བཅས་བྱས་ཏེ་མི་རྣམས་མགོ་སྐོར་འོག་མི་ཚུད་པ་བྱེད་པ་དང་འབྲེལ་ཁོ་པ་མཐར་ལོ་རྒྱུས་ཀྱི་གད་སྙིགས་ནང་དབྱུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།