དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏཱ་ལས“རྒན་ཡོལ་ཞུ་བ”ནི་དགོད་བྲོ་བའི་བྱ་བ་ཙམ་ཞིག་རེད་ཅེས་བརྗོད་དགོས་དོན་གང་ཡིན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉེ་བའི་དུས་མཚམས་ཤིག་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སྲོག་འབེན་ལ་བཙུགས་ནས “རྒན་ཡོལ་ཞུ ”གི་ཡིན་ཞེས་གཡོ་སྒྱུ་བཤད་དེ་ཆབ་སྲིད་ཀྱི་དབང་ཆ་ནས་སེམས་རྩེ་གཅིག་གིས “ཆོས་ལུགས་ཀྱི་གཙོ་འཛིན ”བྱེད་ཀྱི་ཡིན་ཞེས་སྐད་ཅོར་རྒྱག་གི་ཡོད། ཁོ་པའི་ཉེ་འགྲམ་དུ་ཡོད་པའི་ཁ་ཕྲལ་རུ་ཚོགས་ཀྱིས་ཀྱང་གཞོགས་འདེགས་དམ་ཟབ་བྱས་ཏེ “མུ་མཐུད་བཞུགས་རྒྱུའི་སྐྱབས་འཇུག་ཞུ་བའི ”གཡོ་སྒྱུ་འཁྲབ་རྗེས་ཡང་ཏཱ་ལས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་པའི་བྱེད་ཐབས་དེ་ནི “ལོ་350ལྷག་ཙམ་རིང་ཐེངས་དང་པོ་རེད ”ཅེས་སླར་ཡང་ངོ་བསྟོད་བྱས་ནས་ཁ་ཕྲལ་རུ་ཚོགས་ཀྱི་འགོ་གཙོ་དེས་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་བྱ་བ་གཞན་ཞིག་བསྒྲུབས་པར་བརྩི་གི་ཡོད།

        དོན་དངོས་ཐོག་ཏཱ་ལས་འུད་སྒྲོག་བྱས་པ་བཞིན་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཚེ་ཁོ་པ “རྒན་ཡོལ ”ཞུས་ནས་མུ་མཐུད་ཁ་ཕྲལ་རུ་ཚོགས་ཀྱི་འགོ་གཙོ་མ་ཡིན་ནམ།   

        དེའི་ལན་ནི་དེ་ལྟར་མིན་པ་སྨོས་མེད་རེད།   

        མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་བྱས་ཚུན་ཏཱ་ལས་ངན་སེམས་རྒྱུན་འཆང་གིས་ལོ་རྒྱུས་ཀྱི་ཁུག་ཀྱོག་ཁྲོད་ནས་བོད་འདི་ཉིད་ཀྲུང་གོའི་ཁོངས་སུ་མི་གཏོགས་པའི་དཔང་རྟགས་འཚོལ་རྒྱུའི་རེ་ངན་འཆང་གི་ཡོད།

        དེར་བརྟེན་ཁོ་པས་ཏཱ་ལ་སྐུ་ཕྲེང་རིམ་བྱོན་ལ་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་དབང་ཆ་ཐོབ་དོན་རྒྱུས་མངའ་མེད་པ་ག་ལ་སྲིད། ཏཱ་ལ་སྐུ་ཕྲེང་རིམ་བྱོན་ལ་ཆབ་སྲིད་ཀྱི་དབང་ཆ་ཐོབ་པའི་ཐབས་ལམ་དེ་ཡང་སྔར་ནས་བཟུང་ཆོས་ལུགས་ཀྱི་རྒྱུ་རྐྱེན་གྱིས་ཡིན་པ་ཁོ་པས་ཀྱང་གཏིང་ཟབ་ཤེས་ཀྱི་ཡོད། “ཆོས་ལུགས་གཙོ་འཛིན ”གྱི་མིང་བྱང་དེ་མ་གློད་ཚེ་ཕྱི་ཚུལ་ཐོག “ཆབ་སྲིད་ཀྱི་གཙོ་འཛིན ”ཡིན་མིན་ལ་མི་བལྟོས་པར་ཁོ་པ་ངོ་མས་དེ་སྔ་བཙུགས་པའི་ཁ་ཕྲལ་རུ་ཚོགས་ཀྱི་དབང་ཆའི་སྲོག་ཤིང་ཐོག་ཁོ་པ་ནམ་ཡང་བརྟན་པོར་སྡོད་ཐུབ།

        ལོ་རྒྱུས་ཐོག་ཏཱ་ལ་སྐུ་ཕྲེང་རིམ་བྱོན་དེ་བོད་ཀྱི་ཆབ་སྲིད་ཀྱི་ལྟེ་བར་སླེབས་པ་དེ་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོར་ཡིན་པ་རེད། སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་ཀརྨ་བཀའ་རྒྱུད་པས་གཙང་པ་སྡེ་སྲིད་ལ་རྒྱབ་སྐྱོར་བྱས་ནས་ཟུར་འབུད་དང་གནོད་འཚེ་གཏོང་བར་རི་བོ་དགེ་ལུགས་པ་མ་བཟོད་པར་བརྟེན་ཏཱ་ལ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་བཞི་པས་ལྷན་དུ་མཚོ་སྔོན་ནས་རི་བོ་དགེ་ལུགས་པར་དད་མོས་བྱེད་མཁན་སོག་པོའི “ཧོ་ཤོད་ཚོ་པའི ”འགོ་པ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་དམག་དཔུང་དྲངས་ནས་གཙང་པ་སྡེ་སྲིད་ཕམ་ཉེས་བཏང་སྟབས་བོད་དུ་སྟོབས་ཤུགས་ཆེ་ཤོས་ཡིན་པའི་ཆོས་ལུགས་གྲུབ་མཐའ་ཞིག་ཏུ་གྱུར་པ་རེད། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་ཏཱ་ལ་སྐུ་ཕྲེང་ལྔ་པ་གཉིས་ཀས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་དབང་སྒྱུར་བྱེད་དབང་ཁས་ལེན་བྱས་པ་དང་འབྲེལ་ཀྲུང་དབྱང་སྲིད་གཞུང་གི་འཇའ་ས་ཡང་ཐོབ་ནས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་དང་ཏཱ་ལ་མཉམ་དུ་བོད་སྐྱོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་རེད། འོན་ཀྱང་དེའི་རིང་བོད་ས་གནས་ཀྱི་སྟོབས་ཤུགས་གཙོ་བོ་ནི་དོན་དངོས་ཐོག་སོག་པོའི་རྒྱལ་པོ་ཡིན་པས་ཏཱ་ལ་སྐུ་ཕྲེང་ལྔ་པའི “སྡེ་སྲིད ”ཀྱང་སོག་པོའི་རྒྱལ་པོས་བསྐོ་གི་ཡོད།

        ཏཱ་ལ་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་དབར་འགལ་བ་བྱུང་ནས་སོག་པོ་ཇུན་གར་གྱིས་བོད་ལ་བཙན་འཛུལ་བྱས་པ་རེད། ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་དམག་མི་བཏང་ནས་སོག་པོ་ཇུན་གར་བོད་ནས་མཐར་བསྐྲོད་བཏང་རྗེས་སོག་པོའི་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་ནས “བཀའ་བློན་གྱི་ལམ་ལུགས ”སུ་བསྒྱུར་བ་སྟེ་བཀའ་བློན་ལྔ་བསྐོས་པ་དེ་དག་གིས་ཐུན་མོང་ཐོག་བོད་ཀྱི་བྱ་བ་བསྒྲུབས་པ་དེ་རེད། དེ་རྗེས་སུ་ཡུན་རིང་མ་སོང་བར་དབུས་གཙང་གི་བཀའ་བློན་དབར་འགལ་བ་བྱུང་ནས་ཕན་ཚུན་དམར་གསོད་གཏོང་རེས་བྱས་པ་རེད། ཀྲུང་དབྱང་སྲིད་གཞུང་གིས “བཀའ་བློན་གྱི་འཁྲུག་ཟིང ”ལྷིང་འཇགས་བཏང་རྗེས་སླར་ཡང “སྡེ་སྲིད་ལམ་ལུགས ”ཚོད་ལྟ་བྱས་པ་སྟེ “ཅུན་ཝང ”གི་ཆོ་ལོ་སྤྲད་པའི་ཕོ་ལྷས་བོད་ཀྱི་སྲིད་སྐྱོང་བ་དང་དུས་མཚུངས་བོད་སྡོད་ཨམ་བན་མངགས་འགོ་བཙུགས་ནས་སྡེ་སྲིད་དང་མཉམ་དུ་བོད་ཀྱི་བྱ་བ་སྒྲུབ་ཏུ་བཅུག་པ་རེད།

        མི་དབང་ཕོ་ལྷ་སྐུ་གཤེགས་རྗེས་ཁོང་གི་བུ་གཞོན་པ་འགྱུར་མེད་རྣམ་རྒྱལ་གྱིས་མུ་མཐུད་ཕའི་གོ་ས་ཤུལ་འཛིན་བྱས། བུ་དེས་བྱ་ལོག་སྤྱོད་ལོག་གིས་བོད་སྡོད་ཨམ་བན་ཕྱིར་འབུད་བྱས་པ་དང་བོད་སྡོད་ཆིང་དམག་ནང་སར་ཕྱིར་འཐེན་བྱ་རྒྱུའི་སྙན་སེང་ཞུས་ནས་ཁོ་པའི་གཅེན་པོ་བཀྲོངས་པ་དང་ཚ་བོ་རྒྱང་འབུད་བཏང་བ་དང་འབྲེལ་ཇུན་གར་དང་ངན་འབྲེལ་བྱས་ནས་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ལྐོག་གྲོས་བྱས། ཛ་དྲག་གི་གནས་ཚུལ་འོག་བོད་སྡོད་ཨམ་བན་གཉིས་པོས་ཡ་མོན་ཁང་དུ་འགྱུར་མེད་རྣམ་རྒྱལ་གསོད་རྩིས་བྱས་ཀྱང་ཨམ་བན་གཉིས་པོ་འགྱུར་མེད་རྣམ་རྒྱལ་གྱི་འོག་མིས་བཀྲོངས། དུས་ཟིང་དེའི་རིང་ཏཱ་ལ་སྐུ་ཕྲེང་བདུན་པས་དད་ལྡན་ཁྲོད་ཀྱི་ཁོང་གི་ཤུགས་རྐྱེན་དང་རི་བོ་དགེ་ལུགས་པའི་སྟོབས་ཤུགས་ལ་བརྟེན་ནས་བོད་སྡོད་ཨམ་བན་གྱི་མངའ་ཞབས་དག་སྲུང་སྐྱོབ་བྱས་ནས་ཀྲུང་དབྱང་སྲིད་གཞུང་གིས་མངགས་པའི་དམག་དཔུང་ལྷ་སར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བར་མ་ཡོང་བར་ཪྙོག་དྲ་མེད་པར་བཟོས་པ་རེད།

        ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས “འགྱུར་མེད་རྣམ་རྒྱལ་གྱི་འཁྲུག་ཟིང ”ཞོད་འཇགས་གཏོང་བའི་ནང་མཛད་རྗེས་ཆེན་པོ་བཞག་པར་བརྟེན་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་བོད་ས་གནས་ཀྱི་བྱ་བའི་ནང་ཞུགས་སུ་འཇུག་རྒྱུའི་དབང་ཆ་སྤྲད་པ་དང་དེའི་གཤམ་འོག་ཏུ་བཀའ་བློན་བཞི་ལས་གྲུབ་པའི “བཀའ་ཤག ”སྲིད་གཞུང་བཙུགས་ནས་ཏཱ་ལ་དང་བོད་སྡོད་ཨམ་བན་ཐུན་མོང་ཐོག་འཛིན་སྐྱོང་བྱེད་པ་དེ་ནི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྲིད་དབང་དངོས་སུ་འགོ་ཚུགས་པ་རེད། གསལ་བཤད་བྱེད་དགོས་པ་ཞིག་ནི། གཅིག “འགྱུར་མེད་རྣམ་རྒྱལ ”གྱི་འཁྲུག་ཟིང་ནང་ཏཱ་ལའི་བླ་མས་དུས་བབ་ཧྲིལ་པོ་འཛིན་སྐྱོང་བྱེད་ཐུབ་པ་ནི་ཁོང་བོད་ཀྱི “ཆབ་སྲིད་ཀྱི་གཙོ་འཛིན ”ཞིག་ཡིན་པས་མ་རེད། དེ་ནི་དུས་ཡུན་རིང་པོའི་ནང་ཏཱ་ལའི་བླ་མ་ནི་རི་བོ་དགེ་ལུགས་པའི་བླ་སྤྲུལ་ཆེན་པོ་ཞིག་ཡིན་པས་དད་ལྡན་ཁྲོད་ཤུགས་རྐྱེན་ཡོད་པ་དང་བོད་དུ་རི་བོ་དགེ་ལུགས་པའི་སྟོབས་ཤུགས་ཆེ་བས་ཡིན་པ་དང་། གཉིས། ཏཱ་ལའི་བླ་མའི་ཆབ་སྲིད་དབང་ཆ་ནི་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་གནང་བ་ཞིག་ཡིན་ཞིང་དེའི་ཁུངས་གཏུག་ས་་ཀྲུང་དབྱང་སྲིད་གཞུང་གི 《བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་རྩ་འཛིན 》(དོན་ཚན་བཅུ་གསུམ )ཡིན་པ། གསུམ། ཆིང་རྒྱལ་རབས་སུ་ཏཱ་ལ་ནི་བོད་ཀྱི་དབང་སྒྱུར་བྱེད་མཁན་མཐོ་ཤོས་འབའ་ཞིག་མ་ཡིན་པར་ཁོང་གིས་ཀྲུང་དབྱང་སྲིད་གཞུང་གི་བོད་སྡོད་ཨམ་བན་དང་མཉམ་དུ་བོད་ཀྱི་ལས་དོན་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་མ་ཟད། ཆིང་རྒྱལ་རབས་དུས་སུ་ཏཱ་ལའི་བླ་མས་ཀྲུང་དབྱང་སྲིད་གཞུང་གིས་གནང་བའི་བོད་ཀྱི་ལས་དོན་དོ་དམ་བྱེད་དབང་ཁག་གཅིག་ལོངས་སུ་སྤྱོད་པའི་དུས་ཚོད་ཀྱང་དེ་ཙམ་རིང་པོ་མིན། སྐུ་ཕྲེང་བདུན་པའི་རྗེས་ཀྱི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་མང་ཆེ་བའི་སྐུ་ཚེ་ཐུང་ཐུང་ཡིན་པར་བརྟེན་1751ལོར་ཏཱ་ལ་སྐུ་ཕྲེང་བདུན་པར་དབང་ཆ་འཛིན་དབང་གནས་བ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་1951ལོའི་བར་གྱི་ལོ་200རིང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་བརྒྱད་ཀྱིས་སྲིད་བསྐྱངས་པའི་དུས་ཚོད་ནི་ལོ་73ལས་མེད་པ་དང་ལོ་200དེའི་རིང་གི་36%ལས་བཟུང་གི་མེད། དེ་བྱིངས་ཀྱི་ལོ་127དང་དུས་ཚོད་64%ཙམ་ནང་བོད་སྡོད་ཨམ་བན་ཕུད། བོད་ས་གནས་སྲིད་གཞུང་གི་དབང་ཆ་མཐོ་ཤོས་སུས་འཛིན་སྐྱོང་བྱས་པ་ཡིན་ནམ་ཞེ་ན “རྒྱལ་ཚབ ”ཡིན་པ་སྟེ་ཏཱ་ལའི་བླ་མ་དགོངས་པ་རྫོགས་ནས་ཏཱ་ལ་སྐུ་ཕྲེང་གསར་པ་ནར་མ་སོན་པའི་བར་གྱི་དུས་ཚོད་དེའི་ནང་ཀྲུང་དབྱང་སྲིད་གཞུང་གིས “རྒྱལ་ཚབ ”(རྒྱུན་དུ་རི་བོ་དགེ་ལུགས་པའི་མཚན་སྙན་གྲགས་ཆེ་བའི་བླ་སྤྲུལ་ཆེན་པོ་ཡིན་པ )གཅིག་བསྐོས་ནས་བོད་སྡོད་ཨམ་བན་དང་མཉམ་དུ་བོད་ས་གནས་ཀྱི་ལས་དོན་དོ་དམ་བྱེད་ཀྱི་ཡོད།

        དེ་ཐོག་ནས་ཆིང་སྲིད་གཞུང་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་གཏན་འཁེལ་བྱས་རྗེས “རྒྱལ་ཚབ ”ཀྱིས་ཏཱ་ལའི་འགན་དབང་ཚབ་སྒྲུབ་དང་བོད་དུ་དབང་སྒྱུར་བྱེད་པའི་དུས་ཚོད་ཏཱ་ལའི་བླ་མ་ལས་རྦད་དེ་བརྒལ་བ་མཚོན་ཐུབ།

        འོན་ཏེ་ཏཱ་ལའི་བླ་མའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་གནས་བབ་དབང་གིས་ལོ་200ལྷག་ཙམ་གྱི་དུས་ཚོད་མང་ཆེ་བའི་ནང་ཏཱ་ལས་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་དངོས་སུ་འཛིན་སྐྱོང་བྱས་མེད་ཀྱང་མི་རྣམས་ཀྱིས་སྔར་བཞིན་ཏཱ་ལའི་བླ་མ་དེ་ཆོས་སྲིད་ཟུང་འབྲེལ་སྲིད་དབང་གི་འགོ་ཁྲིད་མཐོ་ཤོས་སུ་བརྩི་གི་ཡོད། ཁོང་གི་འདོད་པ་ཡོད་པ་དང་ཀྲུང་དབྱང་སྲིད་གཞུང་གིས་མོས་མཐུན་གནང་རྗེས་ཏཱ་ལ་ནར་སོན་རྗེས་དུས་དང་རྣམ་པ་ཀུན་ཏུ་སྲིད་དབང་རང་ཉིད་ཀྱི་ལག་ཏུ་འཛིན་ཆོག་གི་ཡོད།

        དེ་ཐོག་ནས་ཏཱ་ལའི་ཆབ་སྲིད་ཀྱི་དབང་ཆ་ནི་ཕྱོགས་གཅིག་ནས་ཀྲུང་དབྱང་སྲིད་གཞུང་གིས་གནང་བ་དང་ཕྱོགས་གཞན་ཞིག་ནས་ཁོང་གི་ཆོས་ལུགས་གནས་བབ་ལ་རག་ལུས་པ་མཐོང་ཐུབ།

        དེའི་ཐད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གསལ་པོ་ཤེས་ཐུབ། 1959ལོར་ཁོ་པས་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ཕྱིར་བྲོས་རྗེས་ས་ཁོངས་ཕྱི་རོལ་དུ “བོད་ཡུལ་གྱར་སྲིད་གཞུང ”ཟེར་བ་བཙུགས་པ་དང་ཁོ་པའི་ཆོས་ལུགས་ཀྱི་གནས་བབ་ལ་བརྟེན་ཏེ་ཁ་ཕྲལ་རུ་ཚོགས་དེའི་དབང་ཆའི་རྩེ་མོ་བརྟན་པོར་བཟུང་ཡོད། ཁོ་པར་ཏཱ་ལའི་བླ་མའི་མིང་བྱང་དེ་ཡོད་ཚེ་ཁ་ཕྲལ་རུ་ཚོགས་དེའི་ནང་མི་སུ་འདྲ་ཞིག་གིས་ཀྱང་ཁོ་པའི་དབང་གྲགས་ལ་འགྲན་སློང་བྱེད་མི་ཐུབ་ཅེས་བརྗོད་ཆོག

        དེས་ན་ཏཱ་ལས་བློ་བདེ་བག་ཕེབས་ངང “དམངས་གཙོའི་འདེམས་བསྐོ ”ཟེར་བ་དང “རྒན་ཡོལ་ཞུ་བ ”སོགས་གཡོ་སྒྱུ་འཁྲབ་ཆོག་པ་ལས་དབང་ཆ་ཤོར་བའི་སེམས་ཁྲལ་བྱེད་མི་དགོས། དོན་དངོས་ཐོག་ལོ་ཤས་ཀྱི་གོང་དུ་ཁོ་པས “དམངས་གཙོའི་འདེམས་བསྐོ ”ཟེར་བའི་དགོད་བྲོ་བའི་བྱ་བ་བརྩམས་ནས “ནང་སྲིད་ལས་ཁུངས ”ཟེར་བ་བཙུགས་པ་མ་ཟད། ད་དུང “བཀའ་བློན་ཁྲི་པ ”ཟེར་བ་བསྐོ་བཞག་བྱས་ཏེ “བོད་ཡུལ་གྱར་སྲིད་གཞུང ”དེ་ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བ་མེད་པ་ཆགས་ནས “དམངས་གཙོའི ”ཕྱོགས་སུ་བསྐྱོད་དེ་ཁོ་པ་ཁ་ཕྲལ་རུ་ཚོགས་ཀྱི་དབང་ཆ་དང་འབྲེལ་བ་མེད་ལུགས་མངོན། དེར་བརྟེན་མི་མང་པོ་འཛོམས་སར་ཁོ་པས་སྲིད་འཚོང་པའི་གདོང་རིས་འགེབས་བདེ་བ་དང “ཆོས་ལུགས་གཙོ་འཛིན ”གྱི་རྫུན་ཆས་སྤྲས་ནས་རྒྱལ་སྤྱིའི་ཐོག་གི་མི་མང་པོར་མགོ་སྐོར་གཏོང་ཆོག ལྐོག་ཏུ་ཁ་ཕྲལ་རུ་ཚོགས་དེའི་ཆབ་སྲིད་ཀྱི་དབང་ཆ་སྔར་བཞིན་ཁོ་པའི་ལག་ཏུ་འཛིན་ཡོད། ད་རེས་ཁོ་པས “རྒན་ཡོལ་ཞུ་བ ”དང “ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་བྱེད་པ ”ཟེར་བ་སྤེལ་བ་མི་རྣམས་ཀྱིས “གྲོས་ཚོགས ”ཟེར་བ་དང་། “ནང་སྲིད་ལས་ཁུངས ”ཟེར་བ། “བཀའ་བློན་ཁྲི་པ ”ཟེར་བ་བཅས་ཚང་མ་ནི་ཏཱ་ལའི་ལག་ནང་གི་འདྲ་གསོབ་ཙམ་དང་ཁོ་པས་འཁྲབ་ཁྲིད་བྱས་པའི་དགོད་བྲོ་བའི་ཟློས་གར་ནང་གི་འཁྲབ་ཆས་ལྟ་བུ་ཞིག་ཡིན་པ་མི་རྣམས་ཀྱིས་དེ་བས་གསལ་པོར་མཐོང་ཐུབ།

        ཏཱ་ལ་ཡུལ་གྱར་བོད་མིའི་ཆོས་སྲིད་ཟུང་འབྲེལ་སྲིད་དབང་གི་འགོ་གཙོར་འགྱུར་ཐུབ་དོན་ནི་ཆོས་ལུགས་རྒྱུ་རྐྱེན་གྱིས་ནུས་པ་ཐོན་གྱི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། ཁོ་པས “ཏཱ་ལའི་བླ་མའི ”གནས་བབ་ནས “རྒན་ཡོལ ”མ་ཞུས་ཚེ་ཁོ་པ་ནམ་ཡང་ཁ་ཕྲལ་རུ་ཚོགས་དེའི “བསམ་པའི་གཙོ་འཛིན ”དང “ཆབ་སྲིད་ཀྱི་སྲོག་ཤིང ”ཡིན་པ་དང་དོན་དངོས་ཐོག་དབང་ཆའི་ཁ་ལོ་སྒྱུར་མཁན་རེད། “བོད་རང་བཙན ”པས་ཕྱི་ཕྱོགས་སུ་མགོ་སྐོར་གཏོང་བའི “སྤུས་རྟགས ”དེ་བློས་གཏོང་མི་སྲིད་ལ་བློས་གཏོང་མི་རུང་བ་ཞིག་ཀྱང་ཡིན་པ་དང་། ཉིན་ཞིག་བགྲང་བྱའི་རླུང་བུས་ལོ་རྒྱུས་ཀྱི་གད་སྙིགས་ཕུང་པོའི་ནང་དེད་ན་མ་གཏོགས་ཏཱ་ལས་ཀྱང་ལོ་རྒྱུས་ཀྱི་གར་སྟེགས་ནས་རང་སྒུལ་ངང་གཏན་ནས་འབབ་མི་སྲིད། དེར་བརྟེན་ཏཱ་ལས “རྒན་ཡོལ་ཞུ་བ ”ཟེར་བ་ནི་དམ་བི་གསར་པའི་ནང་ཨ་རག་ཪྙིང་པ་བླུགས་པའི་དགོད་བྲོ་བའི་བྱ་བ་ཙམ་ཞིག་ཡིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།