དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁ་གདངས་ཚད་ལ་རྫུན་གཏམ་ཤོད་མཁན་ཏཱ་ལའི་མིག་ནང་གི“ཞི་བདེ”དང“འཚེ་མེད་ཞི་བ”ཟེར་བར་ལྟོས་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་རེའི་ཟླ་3པར་ཏཱ་ལས་རྗེས་འབྲངས་པ་ཁག་གཅིག་ཆ་བསྡུ་ཡ་བསྡུ་བྱས་ནས་1959ལོའི་ངོ་ལོག་ཟིང་འཁྲུག་ལ་དྲན་གསོ་བྱེད་པའི་ཚོགས་འདུ་ཟེར་བ་འཚོགས་ཀྱི་ཡོད་པ་དང་། 2008ལོའི་རྗེས་སུ “3·14”དང་འབྲེལ་བའི་ནང་དོན་བསྣན་ཡོད། གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཉིན་མོ་འདི་ཉིད་ཕྱིར་མིག་ལྟ་མི་ཕོད་པ་སྟེ་ངོ་ལོག་ཟིང་འཁྲུག་སློང་མཁན་དང་རྡུང་གཅོག་འཕྲོག་སྲེག་བྱེད་མཁན་གྱི་གཏུམ་སྤྱོད་ནི་ཧ་ཅང་ཁྲག་དྲི་བྲོ་བ་ཞིག་ཡོད་པ་སྟེ་གནས་མཆོག་ལྷ་ས་དུད་སྨུག་གིས་ཁེངས་པ་ཞིག་བཟོས་ཡོད་པས་དྲན་གསོ་བྱེད་རྒྱུ་ཅི་ཡོད།

        འོན་ཀྱང་ཏཱ་ལར་བྱེད་ཐབས་ཡོད་ཅིང་། འདི་ལོ་ཁོ་པའི་གཏམ་བཤད་སྤེལ་སྟངས་ཉན་ཙམ་བྱས་ཚེ་གནས་ཚུལ་ངོ་མ་ཤེས་མཁན་ཚོ་ཧང་སངས་ངེས་རེད། ཏཱ་ལས་གཏམ་བཤད་ནང་ཉིན་མོ་འདི་ཉིད་1959ལོའི “ཞི་བའི་འོས་ལངས ”དང་2008ལོའི “འཚེ་མེད་ཞི་བའི་རྔམ་སྟོན ”ཟེར་བར་གཏན་འཁེལ་བྱས་ཡོད།

        དེ་ནི་ཅི་འདྲའི “ཞི་བའི་འོས་ལངས ”ཟེར་བ་ཞིག་ཡིན་ནམ། 1959ལོའི་ཟླ་3ཚེས་10ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་དམངས་གཙོའི་བཅོས་སྒྱུར་བྱེད་རྒྱུའི་རེ་བ་བྱས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་གཡོ་འགུལ་ཐེབས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཕོག་དོགས་ཀྱི་སེམས་ཁྲལ་བྱུང་ནས་ཏཱ་ལ་བོད་དམག་ཁུལ་ཁང་དུ་ལྟད་མོ་ལྟ་བར་འགྲོ་བའི་གོ་སྐབས་དང་བསྟུན་ནས་དམག་ཁུལ་ཁང་གིས་ཏཱ་ལ་བཙན་ཁྲིད་བྱེད་མཁན་རེད་འདུག་ཅེས་དཀྲོག་གཏམ་བཤད་ནས་མེ་མདའ་འཁྱེར་བའི་དྲག་པོའི་ངོ་ལོག་ཟིང་འཁྲུག་པ་ཁག་གཅིག་ཚུད་པའི་མི་3000ལྷག་ཙམ་ངན་སྐུལ་བྱས་ཏེ་ཏཱ་ལ་སྡོད་ཡུལ་ནོར་བུ་གླིང་ཁའི་མཐའ་བསྐོར་ནས་ཏཱ་ལ་བྲོས་བྱོལ་དུ་ཁྲིད་རྒྱུའི་རེ་ངན་བཅངས་ཡོད།

        ངོ་ལོག་ཟིང་འཁྲུག་པ་དེ་དག་གིས་སྐབས་དེ་དུས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པའི་བོད་རིགས་སེར་དཔོན་བསོད་ནམས་རྒྱ་མཚོ་བསད་པ་དང་འབྲེལ་མེ་མདའ་འཁྱེར་བའི་ངོ་ལོག་ཟིང་འཁྲུག་པས་བསོད་ནམས་རྒྱ་མཚོའི་ཕུང་པོ་རྟ་རྔར་བཏགས་ཏེ་ཁྲོམ་དཀྱིལ་དུ་འདྲུད་པ་དེ་ནི་ལྟ་བས་མི་བཟོད་པ་ཞིག་ཡོད། ཉིན་དེའི་མཚན་མོ་བོད་ས་གནས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་གོ་མཛོད་ཀྱི་སྒོ་ཕྱེ་ནས་ངོ་ལོག་ཟིང་འཁྲུག་པར་མེ་མདའ་དང་མདེའུ་སྤྲད་པ་དང་དེ་རྗེས་ཀྱི་ཉིན་ཁ་ཤས་ནང་ངོ་ལོག་ཟིང་འཁྲུག་པས་བཅིངས་འགྲོལ་དམག་གི་སྡོད་ཡུལ་དང་ས་གནས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པར་མེ་མདའ་བརྒྱབ་པ་དང་། གློག་ཤིང་དང་གློག་སྐུད་བཅད་པ། དམག་མིའི་རླངས་འཁོར་ལ་འཇབ་རྒོལ་བྱས་ཡོད། ལྷ་ལྡན་གཙུག་ལག་ཁང་བཙན་བཟུང་བྱེད་མཁན་ངོ་ལོག་ཟིང་འཁྲུག་པས་ད་དུང་བཙན་ཤེད་ངང་གྲྭ་པར་སྐྱ་ཆས་གྱོན་དུ་བཅུག་པ་དང་མེ་མདའ་འཁྱེར་དུ་བཅུག་ནས་དམག་བརྒྱབ་ཏུ་བཅུག་པ་དང་། ཚོགས་འཚོག་མཁན་གྲྭ་པ་འདུ་ཁང་ནས་ཕྱིར་འབུད་བྱས་པ་དང་། གསེར་སྐུ་དང་རྩ་ཆེའི་སྐུ་བཪྙན་འཕྲོག་བཅོམ་བྱས་པ་མ་ཟད་ཉིན་མ་ཁ་དཀར་ངོ་དཀར་འོག་ཏུ་ཁོ་པ་ཚོའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་མཁན་གྲྭ་པ་མཁྱེན་རབ་བྱམས་པ་བསད་ནས་ལྷ་ས་དེ་སྐྱི་གཡའ་དགོས་པའི་ཁྲག་དྲི་བྲོ་བའི་གནས་སུ་གྱར་ཡོད།

        ངོ་ལོག་ཟིང་འཁྲུག་པའི་ཧམ་ཤེད་དང་ཉེས་མེད་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཕོག་པའི་སྐབས་སུ་ཟླ་3ཚེས་20ནས་བཟུང་བོད་དམག་ཁུལ་ཁང་གི་དཔུང་སྡེས་བོད་རིགས་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣ་ཁག་གཅིག་ཚུད་པའི་མི་རིགས་ཁག་གི་མང་ཚོགས་ཚོའི་རྒྱབ་སྐྱོར་འོག་བློ་ཐག་ཆོད་པོས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱས་པ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཡོད། ཏཱ་ལས་ཁ་མཁས་ཚིག་སྙན་ངང་རང་ཉིད་ལ་རང་དབང་མེད་ཟེར་བའི་མགོ་སྐོར་གཏོང་བའི་སྐད་ཆ་བཤད་རྗེས་མཐར་ངོ་ལོག་ཟིང་འཁྲུག་པ་དང་མཉམ་དུ་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་དུ་ཕྱིན།

        དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ཁྲག་དྲི་བྲོ་བའི་བྱེད་སྤྱོད་ཀྱི་དཔང་རྟགས་ཁུངས་བཙན་ཡོད་པར་བརྟེན་རྗེས་སུ་ཏཱ་ལས་འགྱོད་བཤགས་བྱེད་ཁུལ་མི་བྱེད་ཀ་མེད་བྱུང་ཡོད། ཁོ་པའི་རང་རྣམ་དེབ་དང་པོའི་ནང 《ངེད་ཀྱི་ཕ་ཡུལ་དང་ངེད་ཀྱི་མི་མང 》ཟེར་བའི་ནང་ཁོ་པས་མ་ཡིན་ཡིན་ཁུལ་གྱིས “ངས་སེམས་སྡུག་ཧ་ཅང་ཆེན་པོའི་ངང་མཁན་ཆུང་བསོད་ནམས་རྒྱ་མཚོ་ཟེར་བའི་སེར་དཔོན་ཞིག་ཁོང་ཁྲོ་ཆེན་པོ་ལངས་པའི་མི་ཚོགས་ཀྱིས་གདུག་རྩུབ་ཆེན་པོས་རྡོ་རྡུང་བཏང་ནས་བསད་པའི་གནས་ཚུལ་ཐོས་བྱུང་། གཏུམ་སྤྱོད་ཀྱི་བྱེད་སྤྱོད་དེས་ང་ལ་སྐྱོ་སྣང་ཧ་ཅང་ཆེན་པོ་བྱུང་། ཀྲུང་གོའི་དམག་དཔོན་ལ་ང་འཁྲབ་སྟོན་བལྟ་བར་ཡོང་ཐུབ་པ་མི་འདུག་ཅེས་ངས་བཀའ་ཤག་ལ་བརྗོད་དུ་བཅུག་ཡོད ”ཅེས་བཤད་ཡོད། ཏཱ་ལས་དེབ་ནང་ཀྲུང་དབྱང་སྲིད་གཞུང་གི་བཅའ་སྡོད་དམག་དཔུང་ནི “ཀྲུང་གོའི་བཙན་བཟུང་དམག ”རེད་ཅེས་དམའ་འབེབས་བྱས་ཡོད་རུང་། ཁོ་པས་1959ལོའི་དོན་རྐྱེན་ནི “གཏུམ་སྤྱོད་ཀྱི་དོན་རྐྱེན ”ཞིག་ཡིན་པ་ཁས་མ་ལེན་ཀ་མེད་བྱུང་ཡོད། འོ་ན་ད་ཆ་ཁོ་པའི “ཞི་བའི་འོས་ལངས ”ཟེར་བ་དེ་གང་ནས་བྱུང་བ་ཡིན་ནམ།

        ཏཱ་ལས་བཤད་པའི་2008ལོའི “འཚེ་མེད་ཞི་བའི་རྔམ་སྟོན ”ཟེར་བ་དེའི་གནས་ཚུལ་ངོ་མ་ཇི་འདྲ་ཡིན་ནམ། དོན་རྐྱེན་དེའི་སྔ་རྗེས་ཀྱི་ཏཱ་ལའི་རྣམ་འགྱུར་ལ་བལྟས་ཚེ་འཕྲལ་མ་ཉིད་དུ་གསལ་པོར་རྟོགས་ཐུབ། ཏཱ་ལའི་ཁ་ཕྲལ་རུ་ཚོགས་ཀྱིས་ངན་སྐུལ་དང་ངན་བཤམས་བྱས་ནས་ལྷ་སར་རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཐོན་ཏེ་ལྐོག་གཡོ་ལམ་ལྷོངས་བྱུང་བའི་དབང་གིས་ཏཱ་ལ་དགའ་ཐག་ཆོད་ནས་ཉིན་དེ་གར་ཁོ་པའི་སྒེར་གྱི་དྲུང་ཆེ་ཁང་བརྒྱུད་གསལ་བསྒྲགས་སྤེལ་ནས་འཕྲལ་མ་ཉིད་དུ་ལྷ་སར་ཐོན་པའི་གཏུམ་སྤྱོད་དོན་རྐྱེན་དེ “ཞི་བའི་རྒོལ་གཏམ་ཞིག་རེད ”ཅེས་དོན་དངོས་ལ་མི་ལྟ་བར་མི་བཤད་དགུ་བཤད་བྱས་ཡོད། ཉིན་2སོང་རྗེས་ཀྱི་ཟླ་3ཚེས་16ཉིན་དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་བཅར་འདྲིར་ལན་རྒྱག་སྐབས་ཁོ་པས་བསམ་དོན་མཐར་མངོན་གྱིས་གདུག་རྩུབ་ཆེན་པོས “ཁོང་ཚོར་མཚམས་འཇོག་བྱེད་དུ་འཇུག་གི་མིན། གང་ཡིན་ཟེར་ན་རེ་བ་མང་པོ་ཞིག་ནི་བོད་མི་དམངས་ཀྱིས་བཏོན་པ་ཞིག་ཡིན་པས་ངས་ཁོང་ཚོའི་བསམ་འདུན་ལ་བརྩི་འཇོག་བྱེད་ཀྱི་ཡིན ”ཞེས་ངན་སྐུལ་བྱས་ནས་བཤད་ཡོད།

        དེ་རྗེས་ཏཱ་ལས་བཤད་པའི “ཞི་བའི་རྒོལ་གཏམ ”བྱེད་མཁན་ཚོས་རྡུང་གཅོག་འཕྲོག་སྲེག་བྱས་ནས་ཉེས་མེད་མང་ཚོགས་18ཤི་བའི་ཚབས་ཆེའི་གཏུམ་སྤྱོད་བྱེད་སྤྱོད་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱས་རྗེས་རྒྱལ་སྤྱིའི་ཐོག་གི་མི་ལ་ལས་ཏཱ་ལར་དོན་རྐྱེན་དེ་ཁོ་པའི “འཚེ་མེད་ཞི་བའི་གཟུགས་བཪྙན ”ལ་ཧ་ཅང་ཕན་པ་མེད་པའི “དྲན་སྐུལ ”བྱས་པ་མ་ཟད་ཐ་ན་མི་ལ་ལས་ཏཱ་ལའི “མི་བྱེད་པ་གསུམ་གྱི་རྩ་དོན ”ནི་འགན་མི་འཁུར་བའི་རྣམ་འགྱུར་ཞིག་སྟེ་གཏུམ་སྤྱོད་ལ་ངན་སྐུལ་བྱས་པ་དང་ཁྱད་པར་མེད་ཅེས་ཐད་ཀར་བརྗོད་ཡོད། ཏཱ་ལས་གནས་ཚུལ་མི་ལེགས་པ་མཐོང་སྐབས་འཕྲལ་མ་ཉིད་དུ་སྐད་ཆ་ཤོད་སྟངས་ལ་འགྱུར་ལྡོག་བཏང་ནས་ཉིན་2ལས་མ་སོང་བའི་རྗེས་ཀྱི་ཟླ་3ཚེས་18ཉིན་ཁོ་པས་གསར་འགོད་པའི་ཚོགས་འདུའི་ཐོག “གཏུམ་སྤྱོད་ཀྱི་བྱེད་སྤྱོད་ནི་མི་འགྲིག་པ་ཞིག་ཡིན་པ་དང་ང་ཚོས་ཀྲུང་གོར་ངོ་རྒོལ་བྱེད་པའི་བསམ་པ་བཅངས་མི་རུང ”ཞེས་བཤད་པ་དང་འབྲེལ་མ་ཡིན་ཡིན་མདོག་གིས “གལ་ཏེ་གནས་ཚུལ་ལ་ཚོད་འཛིན་བྱེད་མ་ཐུབ་ཚེ་ངའི་གདམ་ག་འབའ་ཞིག་ནི་རྦད་དེ་དགོངས་ཞུ་བྱ་རྒྱུ་དེ་ཡིན ”ཞེས “འཇིགས་སྣང ”སྐུལ་ཡོད། སྐབས་དེ་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་མཐོང་རྒྱ་ཆེ་བའི་མིས་ཏཱ་ལའི་སྐད་ཆ་དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་ལྷ་སར་ཐོན་པའི་གཏུམ་སྤྱོད་བྱེད་སྤྱོད་ལ་འགན་འཁུར་དགོས་པ་ཁས་བླངས་པ་དང་ཁྱད་པར་མེད་ལ་ལྷ་སའི “3·14” དོན་རྐྱེན་དེ་ནི་གཏུམ་སྤྱོད་ཀྱི་དོན་རྐྱེན་ཞིག་ཡིན་པ་ཁས་བླངས་པ་དང་ཁྱད་མེད་ཅེས་བརྗོད་ཡོད།

        འོན་ཀྱང་ལོ་3སོང་རྗེས་ཏཱ་ལས་དུས་ཡུན་རིང་པོ་སོང་བ་དང་མི་རྣམས་བརྗེད་ངས་ཆེན་པོ་རེད་སྙམ་ནས་དྲན་གསོའི་བྱེད་སྒོ་ཟེར་བའི་ནང་དེ་ནི “འཚེ་མེད་ཞི་བའི་རྔམ་སྟོན ”ཞིག་རེད་ཅེས་གང་བྱུང་དུ་བཤད་ཡོད།

        དོན་དངོས་ཐོག་1959ལོའི་ངོ་ལོག་ཟིང་འཁྲུག་ཡིན་ནའང་འདྲ་ཡང་ན་2008ལོའི་ལྷ་སའི “3·14”དོན་རྐྱེན་ཡིན་ནའང་འདྲ་གང་ལྟར་ཏཱ་ལས་དཔང་རྟགས་ཁུངས་བཙན་མདུན་དུ་དེ་ནི “གཏུམ་སྤྱོད་ཀྱི་དོན་རྐྱེན ”དང “གཏུམ་སྤྱོད་ཀྱི་བྱེད་སྤྱོད ”ཅིག་ཡིན་པ་དངོས་སུ་ཁས་བླངས་པ་མ་ཟད་ད་དུང་དེའི་དབང་གིས “ཡིད་ཧ་ཅང་སྐྱོ་པོ་བྱུང ”ཞེས་བཤད་དེ “དགོངས་ཞུ ”བྱེད་ཀྱི་ཡིན་ཟེར་བ་ལ་སོགས་པའི་གཡོ་སྒྱུ་འཁྲབ་ནས་རང་ཉིད་དང་གཏུམ་སྤྱོད་དོན་རྐྱེན་དབར་འབྲེལ་བ་མེད་ཐབས་བྱས་ཡོད། འོན་ཀྱང་ད་ཆ་ཁོ་པས་དྲན་གསོའི་བྱེད་སྒོ་ཟེར་བ་མུ་མཐུད་སྤེལ་བ་མ་ཟད་ཁ་གདངས་ཚད་ལ་དེ་ནི “ཞི་བའི་འོས་ལངས ”དང “འཚེ་མེད་ཞི་བའི་རྔམ་སྟོན ”ཞིག་རེད་ཅེས་རང་སྣང་གང་ཤར་གྱིས་ཤོད་ཀྱི་ཡོད་པས་དངོས་གནས་ཁ་གདངས་ཚད་ལ་རྫུན་གཏམ་ཤོད་པ་དང་དེ་གོམས་གཤིས་སུ་གྱུར་ནས་ངོ་ཚ་གཏན་ནས་མི་ཤེས་པ་ཞིག་རང་རེད།

        བོད་རིགས་ཀྱི་ཁ་རྒྱུན་དུ “མི་འགྲིག་བཞིན་དུ་ཁས་མི་ལེན། དེ་ནི་གདོན་གྱིས་བརླམས་པ་ཡིན ”ཅེས་ཤོད་སྲོལ་ཡོད། ཏཱ་ལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོའི་ཁྲི་ཐོག་ཏུ་ལོག་རྒྱུའི་རྨི་ལམ་གྱིས་དེད་དེ་ནང་པ་ཞིག་ཡིན་རུང་གཏུམ་སྤྱོད་ལ་མཛེས་རྒྱན་སྤྲོས་པའི་གདོན་ཞུགས་པ་མ་ཟད་ད་དུང་རང་ཉིད་ལ “རྫུ་འཕྲུལ ”ལྡན་ཡོད་པས་འཛམ་གླིང་སྐྱེ་བོའི་མཐོང་ཐོས་འཁྲུག་ཏུ་བཅུག་པ་དང་། ཡིན་མིན་གོ་ལྡོག་དང་གནས་ཚུལ་ངོ་མ་འཁྲུག་ཏུ་འཇུག་ཐུབ་སྙམ་གྱི་ཡོད། ཁོ་པས་1959ལོའི་ཁྲག་དྲི་བྲོ་བའི་ངོ་ལོག་ཟིང་འཁྲུག་ལ་དྲན་གསོ་བྱེད་པ་དང་2008ལོའི་ལྷ་སའི་རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ལ་མཛེས་རྒྱན་སྤྲོས་པ་དེ་ནི་ཁོ་པས “རྫུ་འཕྲུལ ”བསྟན་ནས་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་རྒྱུར་མ་འཛེམས་པར་བོད་ཟང་ཟིང་བཟོས་ཏེ་ཁོ་པའི་སེམས་ནང་གི “བོད་རང་བཙན ”གྱི་རྨི་ལམ་སྐྱིད་པོ་དེ་མངོན་འགྱུར་ཡོང་ཆེད་ཡིན་པ་རེད།

        2008ལོར་ཁོ་པས “དགོངས་ཞུ ”བྱེད་ཀྱི་ཡིན་ཞེས་གཡོ་སྒྱུ་འཁྲབ་པ་ལྟར་ཉེ་ཆར་ཏཱ་ལས་སླར་ཡང “རྒན་ཡོལ་ཞུ་བ ”ཟེར་བའི་གཡོ་སྒྱུ་གསར་པ་འཁྲབ་ཡོད། ཁོ་པའི་ལོ་རྒྱུས་དང་གནས་ཚུལ་ངོ་མ་ཤེས་མཁན་ཚོས་ཁོ་པས་གང་བཤད་པ་དང་གཡོ་སྒྱུ་གང་འཁྲབ་པར་བལྟ་མི་དགོས་པར་ཁོ་པས་ཐོག་མཐའ་བར་གསུམ་དུ་གཏམ་སྤྱོད་གཅིག་མཐུན་མེད་པ་དང་རྫུན་གཏམ་གྱིས་ཁེངས་པར་བལྟས་ཚེ་ཁོ་པས་སླར་ཡང “རྫུ་འཕྲུལ ”གཅིག་བསྟན་ཏེ་ངོ་བོའི་ཐོག “བོད་རང་བཙན ”རུ་ཚོགས་ལ་སྔར་བཞིན་བཀོད་པ་གཏོང་རྒྱུ་ཡོད་ལ “ཆོས་ལུགས་ཀྱི་གཙོ་འཛིན ”གྱི་ཕྱི་གོས་ཐོག “རང་དབང་དང་དམངས་གཙོ ”ཟེར་བའི་མེ་ཏོག་ཕྲེང་བ་ཞིག་བསྣན་ཏེ “བོད་རང་བཙན ”སྟོབས་ཤུགས་ལ་རྒྱབ་སྐྱོར་དེ་བས་བྱེད་བདེ་ཡོང་བ་བྱས་ནས་མུ་མཐུད་མེས་རྒྱལ་ཁ་ཕྲལ་གཏོང་བའི་ངན་འབྲེལ་བྱ་རྒྱུ་དེ་ཡིན་པ་ཚིག་ཐག་གཅོད་ཐུབ།

        བློ་ཕངས་པ་ཞིག་ལ་འཛམ་གླིང་ཐོག་གི་གནས་ཚུལ་ངོ་མ་དོན་གཉེར་བྱེད་མཁན་དང་དྲང་བདེན་གོང་དུ་བཀུར་ཕོད་མཁན་ཚོས་ཏཱ་ལས་བཤད་པའི “ཞི་བའི་འོས་ལངས ”དང “འཚེ་མེད་ཞི་བའི་རྔམ་སྟོན ”ཟེར་བ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་པ་དང་ཁོ་པས་འཚོང་འགྲེམས་བྱེད་པའི “རང་དབང་དང་དམངས་གཙོ ”ཟེར་བ་དེ་ཡང་ཚོང་ཟོག་རྫུས་མ་ཤ་སྟག་ཡིན་པ་གསལ་པོར་རྟོགས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།