དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལོ་རྒྱུས་བློ་ལ་ངེས་ནས་ཏང་གི་རྗེས་སུ་འབྲངས། ད་ལྟར་གཅེས་འཛིན་བྱས་ནས་མ་འོངས་གསར་དུ་གཏོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

         དཔྱིད་ཀྱི་བསིལ་རླུང་གང་སར་ལྡང་། ས་གཞི་ཆེ་མོར་དཔྱིད་དཔལ་བཞད། རི་ཆུ་ཀླུང་གསུམ་སྔོ་གོས་བཀླུབས། སྐྱེ་དངོས་ཁྲི་ཕྲག་འཚར་འགོ་ཚུགས།   

        སྐྱེ་སྟོབས་ཀྱིས་དཔལ་འབར་བའི་དཔྱིད་ཀར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་293གྱིས “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ”བཙུགས་ནས་ལོ་གཉིས་འཁོར་བའི་བཀྲ་ཤིས་ཉིན་མོ་བསུས་ཤིང་། ལོ་52གོང་གི་དེ་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དབུ་ཁྲིད་གནང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མཐའ་གཅིག་ཏུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་དུ་ལོ་ངོ་སྟོང་བརྒྱུད་པའི་ཆེས་མུན་ནག་དང་། ཆེས་གདུག་རྩུབ། ཆེས་ཀླ་ཀློ ཆེས་རྗེས་ལུས་བཅས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མགོ་རྟིང་བསློགས་པ་དང་། མི་རབས་ནས་མི་རབས་བར་གཉའ་གནོན་དང་བཤུ་གཞོག་མྱོང་བའི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་མཐའ་གཅིག་ཏུ་བཏང་བ་རེད། དེ་ནས་བཟུང་བོད་འདི་མུན་ནག་ནས་འོད་ཟེར་ཕྱོགས་དང་། རྗེས་ལུས་ནས་ཡར་རྒྱས་ཕྱོགས། དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས། སྲིད་དབང་སྒེར་འཛིན་ནས་དམངས་གཙོའི་ཕྱོགས། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་ཀྱི་རླབས་ཆེན་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད། དེ་ནི་བོད་གསར་ཪྙིང་གི་དབྱེ་མཚམས་གལ་ཆེན་ཞིག་དང་འོད་སྟོང་འབར་བའི་ཉིན་མོ་ཞིག་ཡིན་ལ་ང་ཚོས་ནམ་ཡང་དྲན་གསོ་ཞུ་འོས་པའི་རླབས་ཆེན་ཉིན་མོ་དེ་བས་རེད།

        ལོ་52གོང་གི་བོད་ཪྙིང་པར་སྤྱིའི་མི་འབོར་གྱི་བརྒྱ་ཆ་ལྔ་ཡང་མི་ལོན་པའི་ཞིང་བྲན་བདག་པོས་ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ་བཟུང་ཡོད་པ་དང་རིམ་གྲས་ལམ་ལུགས་ནན་པོ་དང་ཡ་ང་སྙིང་རྗེ་མེད་པའི་ཁྲིམས་ལུགས་བཙན་པོས་མི་དམངས་ཀྱི་ལུས་སེམས་ལ་གནོད་འཚེ་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཅི་ཡང་མེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་མེད་སོར་གནས་སུ་གྱར་ནས་རྦད་དེ་སྒོ་རྒྱག་དང་སྟོངས་ལ་ཁད་ཀྱི་རྣམ་པར་ལྷུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་རླབས་རྒྱུན་དང་བསྟུན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རུལ་སུངས་སུ་གྱུར་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་འདི་ཀླ་ཀློ་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བདེ་བླག་ངང་བསྐྱོད་དེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་དང་བྲན་གཡོག་མེད་པར་བཟོ་བའི་ལོ་རྒྱུས་ཐོག་མི་ནུབ་པའི་ལོ་རྒྱུས་བརྩམས་ཡོད།

        ལོ་ངོ་52རིང་གི་ལོ་རྒྱུས་ནི་ཟིལ་རླབས་དགུང་འཕྱུར་དང་འོད་སྟོང་འབར་བ་ཞིག་ཡོད། ལོ་ངོ་52རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་དང་གསར་འབྱེད་ཡར་བརྩོན་བྱས་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་དང་བྱེད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་ལ་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཆེན་པོ་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོར་ཕན་པ་འདོགས་པ། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་པས་བྱ་གཞག་ཁག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ད་ལྟའི་བོད་འདི་དུས་བབ་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། མི་རིགས་མཐུན་སྒྲིལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་པས་གང་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་མཛེས་སྡུག་ལྡན་པའི་རྣམ་པ་ཐོན་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་ནི་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་དང་ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྟེན་ནས་བྱུང་བ་རེད། བོད་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཀྱི་ཐོག་ནས་གཞོམ་ཞིག་མེད་པའི་རླབས་ཆེན་བདེན་དོན་ཞིག་ར་སྤྲོད་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་དང་རླབས་ཆེན་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ཁ་ཁོ་ནའི་ནང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་བོད་འདིར་གཞི་ནས་དར་རྒྱས་གོང་འཕེལ་གྱི་ད་ལྟ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་པ་དེ་རེད།

        གྲང་ངར་ཆེ་བའི་དགུན་ཁ་བརྒྱུད་མྱོང་མཁན་གྱིས་ཉི་མའི་དྲོ་སྐྱིད་གཞི་ནས་ཚོར། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཆོག་ཏུ་གྱུར་པའི་མངའ་ཁོངས་ས་ཆའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་ཀྱི་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་དགའ་ཞེན་བཅས་བྱེད་ལ་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་ཀྱི་འཚོ་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་སྤྱི་ཚོགས་རྣམ་པར་དེ་བས་གཅེས་སྤྲས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། འོན་ཀྱང་ཡུན་རིང་ངོ་ལོག་ཡུལ་བྱོལ་དུ་སོང་བ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྟོབས་ཤུགས་ལྷག་འཕྲོའི་ཚབ་བྱེད་མཁན་ཏཱ་ལའི་རུ་ཚོགས་ཀྱིས “མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས ”ཀྱི་ཕྱི་གོས་གྱོན་ནས “བོད་རང་བཙན ”དང་མེས་རྒྱལ་ཁ་ཕྲལ་དུ་གཏོང་རྒྱུའི་ལྐོག་གཡོ་ལོག་སྤྱོད་ཀྱི་ལངས་ཕྱོགས་ཀླད་ཪྙིང་མཁྲེགས་བཟུང་ངང་མཐའ་འཁྱོངས་བྱས་ཏེ་འབྱུང་རྩ་བརྗེད་པ་དང་། ལོ་རྒྱུས་རྩིས་མེད་དུ་གཏོང་བ། མཐོང་ཐོས་ཪྙོག་བཟོ་བྱེད་པ། དཀར་ནག་ཕྱིན་ཅི་སློག་པ། ཕུང་འཁྲུག་སློང་བ་དང་གཏོར་བཤིག་བཏང་སྟེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་ཪྙིང་པར་མཛེས་རྒྱན་སྤྲོས་གང་ཐུབ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་འཕེལ་རྒྱས་ཀྱི་གོམ་སྟབས་ལ་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྐྱེན་བཟོས་ནས་མི་དམངས་སྲིད་དབང་མགོ་རྟིང་སློག་རྒྱུ་དང་། དེའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དབང་སྒྱུར་བསྐྱར་གསོ་ཡོང་རྒྱུ། བོད་མི་དམངས་ཀྱི་མགོ་བོའི་ཐོག་སླར་ཡང་བཞོན་ནས་བཙན་པོ་དབང་ཡོད་བྱ་རྒྱུ་བཅས་ཀྱི་སྟོང་བསམ་འཆང་གི་ཡོད། ལོ་རྒྱུས་ཀྱི་འཁོར་ལོ་འགོག་ཐབས་མེད་པར་མདུན་དུ་བསྐྱོད་པས་རྟ་ལམ་གྲོག་བཀག་གི་དཔེ་ལྟར་རང་ཚོད་མ་ཟིན་པར “བོད་རང་བཙན ”དང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁ་ཕྲལ་དུ་གཏོང་བའི་ལྐོག་གཡོ་གང་ཞིག་བཤམས་རུང་ཚང་མ་ཕམ་ཉེས་ཡོང་ངེས་རེད། བོད་ཀྱི་ནམ་མཁའ་ནི་བོད་མི་དམངས་ཀྱི་ནམ་མཁའ་ཡིན་ལ་བོད་ལྗོངས་ནི་ཇི་སྲིད་བར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་ལྟ་ན་སྡུག་པའི་རི་ཀླུང་ཡིན་པས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དེ་གངས་ལྗོངས་ས་མཐོར་ནམ་ཡང་ལྷབ་ལྷུབ་གཡོ་ངེས་ཡིན།

        དེང་སྐབས་བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་དང་གྲོལ་མ་ཐག་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་པོ་དམ་པོར་བཟུང་སྟེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་ལས་རང་རྟོགས་ངང་སྐུལ་མ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ལ་བརྩིས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་གསར་འབྱེད་ཡར་བརྩོན་གྱིས་བྱ་གཞག་ཆེན་པོ་གཏོད་པ་དང་། བློ་གཅིག་སེམས་གཅིག་གིས་རྣམ་པ་གསར་པ་གཏོད་པ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་ལམ་བུའི་ཐོག་སྔར་ལས་བརྟན་པའི་གོམ་སྟབས་གསར་པ་སྤོ་དགོས།

        ལོ་རྒྱུས་བློ་ལ་བརྟན་པོ་ངེས་ཏེ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཏང་གི་རྗེས་སུ་འབྲང་བ་དང་དེང་དུས་ལ་གཅེས་འཛིན་གྱིས་འབད་འབུངས་སྟོབས་བརྩོན་ངང་འབྱུང་འགྱུར་གཏོད་དགོས། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམངས་འཚོ་འགན་ལེན་ཏན་ཏིག་བྱེད་པ་དང་ལེགས་བཅོས་ཏན་ཏིག་གཏོང་བ། སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་ཞུམ་མེད་སྲོག་བསྡོས་དང་གསར་འབྱེད་ཡར་བརྩོན་བྱས་ཐོག་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུའི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་བསྐྱོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།