དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཞིང་བྲན་བདག་པོ་ཏཱ་ལས་ཁུངས་ལུང་གཏན་ནས་མེད་པར་སླར་ཡང་གཡོ་སྒྱུ་འཁྲབ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཁྲབ་སྟོན་པའི་རྩལ་ལྡན་པས་ལྟད་མོ་བ་སྟེ་གཙོ་བོ་ནི་མངོན་ལྐོག་གཉིས་སུ་ཁོ་པར་རྒྱབ་སྐྱོར་བྱེད་མཁན་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་དང་དེ་བཞིན་ནུབ་ཕྱོགས་ཀྱི་དམངས་ཚོགས་ཁག་གཅིག་གི་འདོད་པར་བསྟུན་ནས་གཡོ་སྒྱུ་མི་འདྲ་བ་འཁྲབ་པ་དང “བདག་པོར ”ངོ་དགའ་སྤྲེལ་ལད་བཤད་ནས་མཐོང་ཐོས་རབ་རིབ་བཟོ་གི་ཡོད།

        ཉེ་ཆར་ཏཱ་ལས “རྒན་ཡོལ ”ཞུས་ནས་དབང་ཆ་རྩིས་སྤྲོད་བྱ་རྒྱུ་ཡིན་ཟེར་བའི་གཡོ་སྒྱུ་འཁྲབ་སྟེ་རང་ཉིད་ལ་སླར་ཡང “དམངས་གཙོའི་ཆབ་སྲིད ”ཀྱི་མཚར་སྡུག་ལྡན་པའི་ཕྱི་གོས་ཤིག་བཀླུབས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱིའི་ཚབ་བྱེད་དང་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་གི་སྤྱིའི་བྱེད་གཏེ་དེས “དེང་རབས་ཀྱི་དམངས་གཙོའི་ཆབ་སྲིད ”ཆེ་གླེང་བྱེད་པ་དེ་ལ་མི་རྣམས་ཧང་སངས་ཀྱི་ཡོད། དེས་མ་ཚད་ཏཱ་ལས་ཁོ་པ “རྒན་ཡོལ་ཞུས་པའི ”གཏམ་བཤད་བྱེད་སྐབས་རང་ཉིད་ནི་མ་འོངས་ལུང་བསྟན་ཐུབ་པའི “དམངས་གཙོའི་མགོན་སྐྱབས ”ཤིག་ཡིན་ཚུལ་བསྟན་ཡོད།

        ཁོ་པའི་ཐོག་མའི་སྐད་ཆ་ནི་འདི་ལྟ་སྟེ “ང་ཆུང་དུས་ནས་འདུན་པ་ཞིག་ཡོད་པ་དེ་ནི་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གྲུབ་ཆར་འཕོ་འགྱུར་གཏོང་སྙམས་པ་དང་བོད་དུ་དབང་ཆ་ནུས་ལྡན་འཛིན་པའི་ལོ་ཤས་ནང་ངས་རྩ་བའི་ཐོག་ནས་འགྱུར་ལྡོག་ཁག་གཅིག་གཏོང་ཐབས་བྱས་ཡོད ”ཅེས་པ་དེ་རེད། བོད་ཪྙིང་པའི་ལོ་རྒྱུས་དང་ཏཱ་ལ་མི་སྒེར་གྱི་ལོ་རྒྱུས་རྒྱུས་མངའ་ཕྲན་བུ་ཡོད་ཚེ་ཏཱ་ལའི་ཆེ་གླེང་དེ་དག་ལ་ཧ་ལས་སྲིད། མཚོ་སྔོན་གྱི་སྟག་འཚེར་དུ་སྐྱེས་པ་དང་གཅེས་མིང་དུ “ལྷ་མོ་དོན་གྲུབ ”ཟེར་བའི་ཕྲུ་གུ་སྤྱོད་ངན་དེར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལམ་ལུགས་ལྟར་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་ཏཱ་ལའི་བླ་མ ”ཞེས་པའི་མིང་ཐོབ་སྤྲད་ཚུན་ནས་1959ལོར་བོད་ཀྱི་ཞིང་བྲན་བདག་པོས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་ཕམ་ཉེས་བྱུང་བ་དང་དེ་རྗེས་ཏཱ་ལས་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ཕྱི་རྒྱལ་དུ་བྲོས་པའི་བར་བོད་ཪྙིང་པ་དང་དེ་བཞིན་ཏཱ་ལར “དེང་རབས་ཀྱི་དམངས་གཙོའི་ཆབ་སྲིད ”ཀྱི་གཡའ་ཙམ་ཡང་མེད།

        ཉེ་ས་ནས་བཤད་ན་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཁྲི་ལ་འཁོད་ནས་ཡུན་རིང་མ་སོང་བར་བོད་ཀྱི་བཀའ་ཤག་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་ལ་ཕུལ་བའི་སྙན་ཞུ་ཞིག་ནང་ཁོ་པ་ཚོས་བོད་དུ “ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ལག་ལེན་བསྟར་བར ”སྤོབས་པ་སྐྱེ་བ་དང་ཐ་ན་ལམ་ལུགས་དེ་ཁོ་ནས་མ་གཏོགས “མིའི་རིགས་ཀྱི་བདེ་སྐྱིད ”སྐྲུན་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཏེ་བོད་ཪྙིང་པའི་སྤྱི་ཚོགས་རིམ་གྲས་ཀྱི་རྩེ་མོར་གནས་པའི་ཏཱ་ལས་ཀྱང་ཧྥ་རན་སིའི་གསར་འགོད་པ་ཏུང་མིང་ཏེ་དང་གླེང་མོལ་བྱེད་སྐབས་ཀྱང་ཁོ་པའི་དབང་སྒྱུར་འོག་གི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཡིན་པ་ཁས་ལེན་མྱོང་ཡོད། ཆོས་སྲིད་ཟུང་འབྲེལ་དང་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེ་དག་ཚང་མ་ནི་དེང་རབས་དམངས་གཙོའི་ཆབ་སྲིད་ཀྱི་དགྲ་ནག་རེད། འོ་ན་ཏཱ་ལས་འུད་སྒྲོག་བྱེད་པ་ལྟར་བོད་དུ་དབང་ཆ་ངེས་ཅན་ཞིག་བཟུང་རྗེས་ཁོ་པས “ཆབ་སྲིད་དང་སྤྱི་ཚོགས་ཀྱི་གྲུབ་ཆར་འཕོ་འགྱུར ”གཏོང་བ་དང་འབྲེལ “རྩ་བའི་ཐོག་ནས་འགྱུར་ལྡོག་ཁག་གཅིག་གཏོང་ཐབས ”བྱེད་མྱོང་ཡོད་དམ། དོན་དངོས་ཐོག་རྦད་དེ་རྒྱབ་འགལ་རེད། ཏཱ་ལ་མ་གཞི་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱིའི་ཚབ་བྱེད་དང་ཁེ་ཕན་ཆེ་ཤོས་ཐོབ་མཁན་ཡིན་སྟབས་ཁོ་པ་དང་བོད་ཪྙིང་པའི་ཆབ་སྲིད་དབང་ཆ་སྒེར་སྡེམ་བྱེད་པ་དང་། གང་འདོད་ལྟར་བཤུ་གཞོག་གཏོང་བ། རྒྱ་ཆེའི་ཞིང་བྲན་ལ་བྲན་བཀོལ་བྱེད་པ་བཅས་ཀྱི་ཞིང་བྲན་བདག་པོ་ཚོ་དང་འདྲ་བར་བཅོས་སྒྱུར་ལ་ཡོད་རྒུ་རྩལ་སྤྲུགས་ཀྱིས་ངོ་རྒོལ་བྱེད་པ་དང་། ལྷག་པར་དུ་རྒྱ་ཆེའི་ཞིང་བྲན་ཡར་ལངས་བཅིངས་འགྲོལ་ཐོབ་པ་བྱེད་པའི་དམངས་གཙོའི་བཅོས་སྒྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད། དེ་ནི་1959ལོར་ཁོ་པ་ཚོས་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་བའི་རྩ་བའི་རྒྱུ་རྐྱེན་རེད། ཨ་རིའི་བོད་རིག་པ་མཁས་ཅན་ཀ་ལུན་ཕུའུ་ཡིས་བསྟན་པ་ལྟར “ངོ་ལོག་ཟིང་འཁྲུག་དེ་དག་ནི་ཚོ་སྡེའི་འགོ་པ་དང་ཚོང་པ་ཕྱུག་པོ་ཚོས་བསླངས་པ་དང་འགོ་ཁྲིད་བྱེད་པ་ཞིག་ཡིན་པ་ལས་ཞིང་བྲན་དང་འབྲོག་པས་བསླངས་པའི་མང་ཚོགས་ཀྱི་འོས་ལངས་ཤིག་གཏན་ནས་མ་རེད ”ཅེས་དང “དེ་སྔའི་བོད་ཀྱི་མི་ཉུང་ཤས་ཀྱིས་དབང་སྒྱུར་བྱེད་པའི་ཆབ་སྲིད་རུ་ཚོགས་ཀྱིས་རྒྱ་མིས་བྱ་རྒྱུའི་བཅོས་སྒྱུར་ནི་ཁོ་པ་ཚོའི་དབང་ཆ་དང་དམིགས་བསལ་ཁྱད་དབང་ལ་ཐད་ཀར་འཇིགས་སྐུལ་ཕོག་པའི་ངོས་འཛིན་སྟབས་ཁོ་པ་ཚོས་བཅོས་སྒྱུར་དེ་དག་ལ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་བཀག་འགོག་བྱེད་ཀྱི་ཡོད ”

        དབྱེ་ཞིབ་དེ་ནི་རྣག་ཐོག་གཙག་འཁེལ་ཞིག་ཡིན་པ་གོར་མི་ཆག ཏཱ་ལས་བཤད་པའི་1959ལོའི “ཞི་བའི་འགོག་རྒོལ ”ཟེར་བ་དེ་དོན་དངོས་ཐོག་ཀྲུང་དབྱང་སྲིད་གཞུང་གིས་རྗེས་ལུས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་སྲིད་པར་ཞིང་བྲན་བདག་པོས་སེམས་ཁྲལ་སྐྱེ་ནས་བསླངས་པའི་དྲག་པོའི་ཟིང་འཁྲུག་ཅིག་རེད། གལ་སྲིད་ཏཱ་ལར་དངོས་འབྲེལ “ཆུང་དུས་ནས ”བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གྲུབ་ཆར་འཕོ་འགྱུར་གཏོང་བའི “འདུན་པ ”ཡོད་ཚེ་ཁོ་པས་1959ལོའི་ཞིང་བྲན་ལམ་ལུགས་སྲུང་སྐྱོང་དང་། དམངས་གཙོར་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་ལ་ངོ་རྒོལ་བཅས་བྱེད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ལ་ལྐོག་ཏུ་རྒྱབ་སྐྱོར་བྱེད་པ་དང་ངོ་ལོག་བྲོས་བྱོལ་བྱས་རྗེས་མཛེས་སུ་གཏོང་བའི་བྱ་བ་རྩོམ་མི་སྲིད།

        ཏཱ་ལས་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ཕྱི་རྒྱལ་ལ་བྲོས་རྗེས་ཁོ་པའི་ཁ་ཕྲལ་རུ་ཚོགས་ཀྱི་འཁོར་རྒྱ་ཆུང་ཆུང་ནང་དབང་ཆ་ཆེན་པོ་བཟུང་བ་དང་བརྒྱ་ཁ་གཅིག་གཅོད་བྱེད་ཆོག་ཅེས་ཤོད་ཆོག དེའི་དུས་སུ་ཁོ་པའི “ཆུང་དུས་ནས་ཡོད་པའི་འདུན་པ ”སྒྲུབ་པ་དང་ཁོ་པས་བཤད་པའི “དམངས་གཙོ ”ཟེར་བ་མངོན་དུ་འགྱུར་བ་བྱེད་པའི་ཆ་རྐྱེན་རྦད་དེ་འཛོམས་ཡོད། འོན་ཏེ་ཁོ་པས་ནུབ་ཕྱོགས་ཀྱི་དཔེ་དབྱིབས་ལ་ལད་མོ་བྱས་ནས “རྩ་ཁྲིམས ”ཟེར་བ་བཟོས་པ་དང “གྲོས་ཚོགས ”ཟེར་བ་བཙུགས་ཡོད། འོན་ཏེ “རྩ་ཁྲིམས ”དེའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱིའི་བྱེད་གཏེ་ཡིན་པའི་ཁོ་པའི་གནས་བབ་སྔར་བས “ཁྲིམས་མཐུན་ཅན ”དུ་གྱུར་བ་བྱས་ཡོད།

        “རྩ་ཁྲིམས ”དེའི་ནང་ཏཱ་ལ་ནི་བོད་ཡུལ་གྱར་སྲིད་གཞུང་གི “སྲིད་འཛིན་སྤྱི་འདོམས ”ཡིན་པ་གཏན་འབེབས་བྱས་པས “ཙུང་ཐུང ”རེད་ཅེས་བརྗོད་ཆོག་པ་དང་ཁོ་པར་བཅའ་ཁྲིམས་བརྒྱུད “གྲོས་ཚོགས ”སྐོང་བའམ་ཡང་ན་མཚམས་འཇོག་བྱེད་པ་དང་དཔོན་རིགས་བསྐོ་བའམ་གནས་དབྱུང་གཏོང་དབང་ཡོད་པས་ཚོད་འཛིན་བྱེད་མཁན་མེད་པ་དང་བླ་ན་མེད་པའི་དབང་ཆ་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས “དོན་དངོས་ཐོག་ཁོ་པས་ཆབ་སྲིད་སྲིད་ཇུས་དང་གཏན་འབེབས་གཙོ་བོ་ཚང་མ་བཟོ་བ་དང་གཏན་འཁེལ་བྱེད་ཀྱི་ཡོད ”ཅེས་དཔྱད་གཏམ་བརྗོད་ཡོད། དེའང་གསལ་པོ་བཤད་ན་ཏཱ་ལ་ནི “ཆོས་ལུགས་ཀྱི་གཙོ་འཛིན ”ཡིན་པ་མ་ཟད་བླ་ན་མེད་པའི་སྲིད་འཛིན་གྱི་དབང་ཆ་ཡང་བཟུང་ནས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྤྱིའི་བྱེད་གཏེ་ཡིན་པའི་ཁོ་པའི་གནས་བབ་དེ་བས་བརྟན་དུ་སོང་བས “བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གྲུབ་ཆ ”འཕོ་འགྱུར་གཏོང་བའི “འདུན་པ ”གང་ནས་བྱུང་བ་ཡིན་ནམ། རྦད་དེ་མི་ཀུན་ལ་མགོ་སྐོར་བཏང་ནས་རང་ཉིད་ལ་མིང་གྲགས་ཡོང་ཐབས་བྱེད་ཀྱི་ཡོད། མིང་བརྗེས་ཀྱང་དོན་མི་བརྗེས་པ་དང “ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་དང་ཤིན་ཏུ་འདྲ་བའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས ”(ཨ་རིའི་བོད་རིག་པ་མཁས་ཅན་ཀ་ཚེ་ཐན་དབྱིང )ལས་རྦད་དེ་བྱུང་བ་དང་དོན་དངོས་ཐོག་བོད་ཪྙིང་པ་དང་ཁྱད་པར་ཅི་ཡང་མེད་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་སྲོལ་དེ་རིགས “དེང་རབས་ཀྱི་དམངས་གཙོའི་ཆབ་སྲིད ”ལ་བརྩིས་ན་དེང་དུས་དམངས་གཙོ་དང་ཆོས་སྲིད་ཟུང་འབྲེལ་འདྲ་མཚུངས་སུ་བརྩི་བ་ཡིན་པས་དངོས་འབྲེལ་གྱི་དེང་རབས་ཀྱི་དམངས་གཙོའི་ཆབ་སྲིད་ལ་འཕྱ་སྨོད་ཆེན་པོ་བྱེད་པ་ཞིག་རེད།

        ཉེ་ཆར་སླར་ཡང་ཏཱ་ལས་རང་འཁྲིད་རང་འཁྲབ་ཀྱིས “རྒན་ཡོལ ”ཞུ་བ་དང་གཞན་གྱིས་བཤོལ་འདེབས་སྐྱབས་འཇུག་བྱེད་པའི་དགོད་བྲོ་བའི་ཟློས་གར་ཞིག་འཁྲབ། དགོད་བྲོ་བའི་ཟློས་གར་དེར་ཐ་ན་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པས་ཀྱང་གསལ་པོ་རྟོགས་པ་སྟེ། དཔེར་ན་དབྱིན་ཇིའི་BBCགི་དཔྱད་གཏམ་ཐོག “གལ་སྲིད་ཁོའི (ཏཱ་ལ )(རྒན་ཡོལ )ཞུ་བའི་འཆར་གཞི་ལག་བསྟར་བྱས་ཚེ་དུས་ཐུང་ནང་ང་ཚོས་མི་འདྲ་ས་ཆེན་པོ་མཐོང་མི་སྲིད ”ཅེས་དང “ཏཱ་ལའི་བླ་མས་བཤད་དོན་དུ། གཞི་བྱས་ན་མི་སྒེར་གྱི་མིང་ཐོག་ནས་ཡིན་རུང་། ད་དུང་ཆོས་ལུགས་གཙོ་འཛིན་ཞིག་གི་ངོས་ནས་མུ་མཐུད་འཛམ་གླིང་ཡོངས་སུ་བསྐྱོད་དེ་སྔར་བཞིན་བོད་ཀྱི་གནད་དོན་ཐད་གླེང་གི་ཡིན ” “དེར་བརྟེན་དེ་ནི་བྱ་བྲལ་གྱི་དམ་བཅའ་ཞིག་མིན་ལ་ཁོ་པའི་དབང་འཛིན་མཇུག་སྒྲིལ་བ་མ་རེད་་་་་་་”ཅེས་སྤེལ་བ་དེ་ཐོག་ནས་རྣམ་པ་ཇི་ལྟར་འགྱུར་ཡང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྤྱིའི་བྱེད་གཏེ་ཡིན་པའི་ཏཱ་ལའི་གནས་བབ་ནམ་ཡང་འགྱུར་མི་སྲིད་པ་མཚོན་ཡོད།

        མཐར་གཏུགས་ནས་བཤད་ན་ཏཱ་ལས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ནུབ་ཕྱོགས་དམངས་ཚོགས་ལ་ལའི་འདོད་པ་བསྟུན་ཆེད་དང་ཡིད་དབང་འཕྲོག་ཐབས་བྱས་ནས “བོད་རང་བཙན ”གྱི་ཕྱོགས་གཏོགས་ལ་ཟིལ་ཤུགས་བཟོ་ཆེད་འཛེམས་བག་མེད་པར་མཐོང་ཐོས་རབ་རིབ་བཟོ་བ་དང་ཁ་ཕྲལ་རུ་ཚོགས་ལ “དམངས་གཙོའི ”འོད་སྣང་ཐོབ་པ་བྱེད་ཆེད་ལོ་རྒྱུས་འཁྱོག་བཤད་དེ་བས་བྱས་ནས་རང་ཉིད་ལ་མིང་གྲགས་ཐོབ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། གཏམ་བཤད་སྤེལ་ཐལ་ཤོར་བ་དང་རྫུན་གཏམ་སྨྲ་དྲགས་ན་དགོད་བྲོ་བའི་གནས་སུ་འགྱུར་སྲིད། འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱིས་ཁས་ལེན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱིའི་ཚབ་བྱེད་དང་ཆོས་སྲིད་ཟུང་འབྲེལ་སྲིད་དབང་གི་སྤྱིའི་བྱེད་གཏེ་ཏཱ་ལས་མངོན་སུམ་འཛེམས་མེད་ཀྱིས “ཆུང་དུས་ནས་ཆབ་སྲིད་ལ་བཅོས་སྒྱུར་བྱེད་པའི་འདུན་པ་ཡོད ”ཅེས་པའི་དགོད་བྲོ་བའི་གཡོ་སྒྱུ་དེ་འཁྲབ་ཐལ་ཤོར་ཚེ་ཁོ་པའི་དད་ལྡན་པ་རྣམས་ཀྱིས་ཀྱང་ཉན་ནས་རང་དགར་འཇོག་རྒྱུ་ལས་མ་འདས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།