དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་སེམས་གཅིག་མཐུན་གྱིས་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གཏོང་བའི་རྣམ་པ་གསར་པ་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   

        མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་གཟི་བརྗིད་ལྡན་པའི་ལས་འགན་བསྒྲུབས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ཁའི་ངང་གྲོལ་ཞིང་། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་སྒོ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཐེངས་འདིའི་ཚོགས་འདུ་ནི་རང་རྒྱལ་གྱི་འཕེལ་རྒྱས་དེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་སྐབས་སུ་སླེབས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་བསུ་བ་ཞུ་བའི་དུས་བབ་འོག་འཚོགས་པ་ཞིག་ཡིན། འཐུས་མི་3000ཙམ་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་ནན་ཏན་ངང་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་ཡོད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ཙུང་ལི་དབུན་ཅ་པའོ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། འཐུས་མི་ཚོས་སྙན་སྒྲོན་ནང “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་རྩ་ཆེའི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་དང་ལས་འགན་གཙོ་བོ་གསལ་བཏོན། འདི་ལོའི་སྲིད་གཞུང་གི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བཅས་བྱས་ཡོད་པས་དེ་ནི་དམ་པ་དོན་གཉེར་དང་། གསར་འབྱེད་ཡར་བརྩོན། ཚན་རིག་དང་མཐུན་པའི་གོང་འཕེལ་མཐའ་འཁྱོངས། མི་རྩ་བར་འཛིན་པ་མཚོན་པ་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཐེངས་འདིའི་ཚོགས་འདུའི་གྲུབ་འབྲས་གལ་ཆེན་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལ་ཆོག་མཆན་སྤྲད་པ་དེ་ཡིན། ཐེངས་འདིའི་ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དུས་བཀག་བཞིན་ཆགས་ཡོད་ཅེས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པའི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་དང་། གལ་ཆེའི་དོན་སྙིང་། གཞི་རྩའི་ཉམས་མྱོང་བཅས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ། ལག་ལེན་ཁྲོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བཀོད་སྒྲིག་གསར་པ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པས་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པའི་གནད་དོན་སྤྱི་ཡོངས་ནས་ཐག་གཅོད་ཐུབ་པ་དང་། རྒྱལ་སྐྱོང་རྒྱལ་དར་དང་ཡུན་རིང་བདེ་འཁོད་ཀྱི་ཁྲིམས་ལུགས་ཀྱི་རྩ་བའི་རྨང་གཞི་བརྟན་དུ་ཕྱིན་པ། ལམ་ལུགས་དང་བཅའ་ཁྲིམས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་གཏོང་རིང་གི་རྩ་བའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བརྟན་ལྷིང་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་ལུགས་སྐྱོང་འཛུགས་བྱ་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཅིག་ནས་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་དམ་འཛིན་བྱེད་དགོས་ཤིང་། སེམས་ནུས་དེ་བས་མང་བ་བཅའ་ཁྲིམས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐོག་བཞག་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དུས་བསྟུན་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་དང་། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་བྱེད་ཐུབ་པ་བྱེད་དགོས།

        “ལོ་ལྔ་ཚན་བཅུ་གཅིག་པའི ”གྲུབ་འབྲས་ཧ་ཅང་ཆེན་པོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”མཛེས་སྡུག་ལྡན་པའི་མདུན་ལམ་གྱི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཚུད་པའི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་གང་ལེགས་མངོན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུའི་གསོན་ཤུགས་ཧ་ཅང་ཆེན་པོ་ར་སྤྲོད་གང་ལེགས་བྱུང་ནས་རྒྱལ་ཁབ་ཀྱི་ལས་དབང་ནི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། བརྟན་ལྷིང་ནི་དམངས་སེམས་ཕྱོགས་ས་ཞིག་ཡིན་པ་སླར་ཡང་མངོན་ཡོད། ཏང་མང་རེས་སྐོར་ངང་སྲིད་སྐྱོང་བ་དང་། མཛུབ་ཁྲིད་བསམ་བློ་སྣ་མང་ཅན། “དབང་གསུམ་མཉམ་གནས ”དང་ཁང་གཉིས་ཀྱི་ལམ་ལུགས། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས། སྒེར་དབང་ཅན་བཅས་མི་བྱེད་པར་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ལོ་རྒྱུས་ཀྱི་གཞི་རྩའི་ཆོད་སྡོམ་ཞིག་ཡིན། ལོ་གསར་པའི་ནང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་ལྷིང་འགན་ལེན་བྱེད་པའི་སྤྱི་ཡོངས་དེར་དམིགས་ནས་ཁྲིམས་འཛུགས་ལས་དོན་དང་ལྟ་སྐུལ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། ཕྱི་ཕྱོགས་སུ་སྤེལ་རེས་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཚེ་མི་དམངས་འཐུས་ཚོགས་ལས་དོན་གྱིས་སྒྱུར་འཕེལ་བརྟན་གསུམ་གྱི་དུས་བབ་བཟང་པོ་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་ཐུབ།

        ཇུས་ཤུགས་མཉམ་འདོན་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་བློ་གཅིག་སེམས་གཅིག་ངང་རྣམ་པ་གསར་པ་གཏོད་དགོས། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དམངས་སེམས་གཅིག་མཐུན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཞིག་འཛུགས་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་གསར་པ་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

        (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།