དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་ཤིང་། རེ་བས་ཁེངས་པའི་དཔྱིད་དུས་འདིར་ཏང་ཤོག་དང་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པེ་ཅིང་དུ་མཉམ་འཛོམས་ཀྱིས་ཐུན་མོང་ཐོག་རྒྱལ་དོན་གྲོས་ཞིབ་གནང་གི་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།

        སླད་ཕྱིན་གྱི་ལོ་ལྔའི་ནང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཇི་ལྟར་བཟོས་ཏེ་ནུས་པ་འདོན་སྤེལ་བྱེད་དགོས་སམ། རེ་ལྟོས་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་མཚམས་སུ་ཀྲུང་གོས་ཇི་ལྟར་བྱས་ནས་སྔར་བས་འབད་འབུངས་ཆེར་བསྐྱེད་བྱེད་དགོས་སམ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་དུང་ཕྱུར་དུ་མའི་མངགས་བཅོལ་ཆེན་པོ་དང་སྔ་མཐུད་ཕྱི་སྐྱོང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་དེ་ཁུར་ཡོད།

        2010ལོ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ལོ་ཞིག་རེད། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་ལས་ཤུགས་རྐྱེན་ཆེན་པོ་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་མདུན་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་བློ་གཅིག་སེམས་གཅིག་ངང་དཀའ་ཪྙོག་མཉམ་སེལ་གྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་དང་དོན་བཟང་བསྒྲུབས་པ་དང་ཛ་དྲག་པ་དང་དཀའ་བའི་གནད་དོན་འོས་འཚམ་ངང་ཐག་གཅོད་གནང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་མངོན་གསལ་དོད་པའི་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་རྒྱལ་ཁབ་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གསར་པ་བྱུང་བས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པར་རྨང་གཞི་གལ་ཆེན་ཞིག་བཏིང་བ་རེད།

        འདས་ཟིན་པའི་ལོ་གཅིག་ནང་མི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་སྟངས་འཛིན་བྱེད་པ་དང་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཐབས་དང་ཇུས་འདོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྒྲིག་བཟོ་དང་དཔལ་འབྱོར་བརྟན་ལ་མྱུར་ཙམ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་ཕྱིར་ཐབས་དང་ཇུས་བཏོན་པ། སློབ་གསོ་དང་ ། འཕྲོད་བསྟེན། བདེ་སྡོད། བཟའ་བཅའི་བདེ་འཇགས་སོགས་དམངས་འཚོའི་གནད་དོན་ལ་དམིགས་ཏེ་སྤྱི་ཚོགས་དོ་དམ་དང་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་དང་སྲིད་གཞུང་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ། མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་ནན་ཏན་བསྟར་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་མ་བཏང་བ། སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ་བཅས་དང་མཐུན་སྒྲིལ་དང་མཉམ་སྤྲོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཕྱིར་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྤྱི་པའི་ཕྱི་འབྲེལ་ལ་སྐུལ་མ་གཏོང་བ་དང་ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་བཏང་ནས་རང་རྒྱལ་འདི་ཉིད་འཕེལ་རྒྱས་འགྲོ་རྒྱུར་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ། རྒྱུན་གཏན་རང་བཞིན་གྱི་ལས་དོན་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་བ་བཅས་བྱས་ཡོད།

        ལོ་གཅིག་རིང་གི་གསོན་ཉམས་ལྡན་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ལས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བར་ངེས་པར་དུ “འདུ་ཤེས་ལྔ ”བརྟན་པོ་འཛུགས་དགོས་པ་སྟེ། ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྣེ་མང་ཞིང་ཪྙོག་འཛིང་ཆེ་བའི་དུས་བབ་འོག་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ནས་སྤྱི་ཚོགས་ལ་འཕོ་འགྱུར་གཏིང་ཟབ་འགྲོ་རིང་ཡང་དག་གི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བརྩེ་དུང་དམངས་ལ་འཆང་བ་དང་སེམས་པ་མང་ཚོགས་ལ་བཞག་ནས་ཏང་དང་སྲིད་གཞུང་གིས་ཕྱོགས་ཁག་གི་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱ་རྒྱུར་རོགས་པ་བྱེད་པ། འགན་འཁྲི་སྒྲུབ་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་བསྒྲུབ་རྒྱུ་དེ་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ། ཨུ་ཡོན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་དངོས་ཡོད་དུ་སྐྱོད་པ་དང་། གཞི་རིམ་དུ་སྐྱོད་པ། མང་ཚོགས་དང་ཉེ་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་འཇོན་ཐང་ཀུན་འདོན་དང་བྱས་རྗེས་འཇོག་པར་རྒྱབ་སྐྱོར་དང་རོགས་རམ་བཅས་བྱེད་དགོས་པ་དེ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།

        2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་འཛུགས་པའི་ལོ་ཞིག་ཡིན་པས་ཀྲུང་གོའི་འཕེལ་རྒྱས་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་མདུན་དང་འཕྲད་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་ཉམས་ཉེན་དང་འགྲན་སློང་མང་པོའི་མདུན་དུ་ང་ཚོས་ཐོབ་སླ་པོ་མིན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་གྱིས་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས་འཐབ་ཇུས་གོ་སྐབས་ཀྱི་དུས་མཚམས་གལ་ཆེན་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་བེད་སྤྱོད་ཡག་པོ་བཏང་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་ཆབ་སྲིད་གྲོས་མོལ་ཡག་པོ་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་ལ་བརྟན་པོའི་ངང་སྐུལ་མ་ཧུར་ཐག་གཏོང་བ། ཏན་ཏིག་ནུས་ལྡན་ངང་སྲིད་ཞུགས་སྲིད་གྲོས་བཅས་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་གཏོང་བ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་རྒྱལ་ཁ་གསར་པ་ཐོབ་ཕྱིར་བྱས་རྗེས་འཇོག་དགོས།

        གྲུབ་འབྲས་ལས་སེམས་ཤུགས་རབ་ཏུ་འཕེལ། འཆར་འགོད་ལས་སྐུལ་མ་ཤུགས་ཆེན་ཐེབས། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡང་འབད་བསྐྱར་འབད་དང་བློ་ཁོག་ཆེན་པོས་མདུན་སྐྱོད་ཡར་བརྩོན་བྱས་ཐོག་མི་དམངས་དུང་ཕྱུར་13ལ་བདེ་བ་དེ་བས་མང་བ་བརྩོན་ལེན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ལ་གཟི་བརྗིད་དེ་བས་ཆེ་བ་ཐོབ་པ་བྱེད་དགོས།

        ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་རྒྱུའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།