དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱོད་ཚུལ་སྒྱུར་ནས་རྨང་གཞི་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        གཞི་རིམ་བརྟན་ན་སྤྱི་ཡོངས་བརྟན་ལྷིང་ཡོང་། རྨང་གཞི་བརྟན་ན་བྱ་གཞག་དར་རྒྱས་ཡོང་།

        ལྗོངས་ཡོངས་སུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི 《བསམ་འཆར 》ནང་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་མཐོ་ཚད་ཐོག་ནས་གཞི་རིམ་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་རོགས་བྱེད་པ། གཞི་རིམ་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་དུ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་འཇོག་དགོས་ལུགས་བཏོན་ཡོད།    

        ཏང་གི་གཞི་རིམ་ལས་བྱེད་པ་ནི་ཏང་གི་འཐབ་ནུས་ཀྱི་རྨང་གཞི་ཞིག་དང་། གཞི་རིམ་འཕེལ་རྒྱས་དང་བརྟན་ལྷིང་རྐང་འཛིན་སྟོབས་ཤུགས་ཤིག ཏང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཞིག ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དང་ལག་ལེན་བྱེད་མཁན་ཞིག་བཅས་ཡིན། གཞི་རིམ་ལས་བྱེད་པས་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱེད་པས་མང་ཚོགས་ཀྱིས་ང་ཚོའི་ཏང་དང་གཞི་རིམ་རྩ་འཛུགས་ལ་ལྟ་སྟངས་གང་འདྲ་འཛིན་མིན་དེ་གཞི་རིམ་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐོག་ནས་བརྡར་ཤ་གཅོད་པ་དང་གདེང་འཇོག་བྱེད་ཀྱི་ཡོད། སྤྱོད་ཚུལ་འཛུགས་སྐྱོང་ལོ་དང་ནུས་ཕྱོད་ཆེར་བསྐྱེད་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་བརྟེན་རང་ལྗོངས་ཀྱི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ལས་ཀའི་འགན་འཁྲིའི་སེམས་པ་དང་ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་ཁར་ལས་ཀའི་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་དེ་དང་ཆབས་ཅིག་ང་ཚོས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ལུས་ཐོག་ཏུ་གནས་པའི་དམིགས་ཡུལ་གྱི་འདུ་ཤེས་ཆེན་པོ་མེད་པ་དང་། མང་ཚོགས་ལ་བཅངས་པའི་འདུ་ཤེས་ཞན་པ། བྱ་བ་སྒྲུབ་སྐབས་གཞུང་དྲང་མེད་ལ་རྣམ་འགྱུར་ངན་པ། སློབ་སྦྱོང་ཐད་ནན་ཏན་མེད་པ། འགན་འཁྲིའི་འདུ་ཤེས་ཞན་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མི་ཐུབ་པ་དང་སྒྲུབ་འདོད་མེད་པ། སྤྱོད་ཚུལ་ཡོ་བསྲང་མི་བྱེད་པ། སྤྱོད་གཙང་མེད་པ་བཅས་ཀྱི་གནད་དོན་ཡོད་པ་མཐོང་ཐུབ་པ་བྱེད་དགོས། མངོན་གསལ་དོད་པའི་གནད་དོན་དེ་དག་ཐག་གཅོད་མ་བྱས་ཚེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་དེ་བཞིན་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་ལ་གནོད་རྒྱུ་ལོས་ཡིན།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་བརྒྱུད་གཞི་རིམ་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ཏན་ཏིག་སྒྱུར་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་དགོས། བསམ་བློའི་སྤྱོད་ཚུལ་སྒྱུར་ནས “མང་ཚོགས་ཀྱི་ཁེ་ཕན་ཞིག་ཡིན་ཕྱིན་བྱ་བ་ཆུང་ངུ་ཞིག་མིན་པའི ”བསམ་བློ་བརྟན་པོ་བཙུགས་ནས་དམངས་ཀྱི་ཆེད་སྤྱོད་ཚུལ་སྒྱུར་བ་དང་། དམངས་སེམས་ལ་འཆང་བ། དམངས་ཀྱི་ཆེད་བྱ་བ་སྒྲུབ་དགོས་པ་དང་། ལས་ཀའི་སྤྱོད་ཚུལ་སྒྱུར་ནས་མང་ཚོགས་ལ་མང་ཙམ་འདྲི་བ་དང་། མང་ཚོགས་ཀྱི་བསམ་བློ་དང་རེ་བར་བསམ་བློ་མང་ཙམ་གཏོང་བ། མང་ཚོགས་ཀྱི་བྱེད་སྟངས་དང་བློ་གྲོས་ཕྱོགས་སྡོམ་བྱེད་མཁས་པོ་བྱེད་པ། མང་ཚོགས་ཀྱིས་བྱ་གཞག་སྒྲུབ་རྒྱུའི་སྤྲོ་སེམས་འཕེལ་བ་བྱེད་དགོས་པ། འཚོ་བའི་སྤྱོད་ཚུལ་སྒྱུར་ནས་སྲིད་བརྩོན་དམངས་ཆེད་དང་སྤྱོད་གཙང་རང་འདོམས་ཀྱི་མིག་དཔེ་འདོན་དགོས། སྤྱོད་ཚུལ་སྒྱུར་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་བརྒྱུད་གཞི་རིམ་ཏང་ཡོན་ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱ་བ་སྒྲུབ་སེམས་ཡོད་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། སྲིད་ཇུས་ལག་བསྟར་ཡང་དག་དང་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུའི་ནུས་པ་ཆེ་རུ་བཏང་སྟེ་གཞི་རིམ་ལས་བྱེད་པས་ཁྲིམས་ལྟར་སྲིད་སྐྱོང་ཤེས་པ་དང་ལས་ཀའི་སྤྱོད་ཚུལ་ཚད་ལྡན་ཡོང་བ་བྱས་ནས་མང་ཚོགས་ཀྱི་ལུགས་མཐུན་དབང་ཆ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་ཐོན་རྒྱུར་དོན་གཉེར་བཅས་བྱས་ཐོག་བྱ་བཟང་ཏན་ཏིག་སྒྲུབ་པ་དང་དོན་དངོས་ཡག་པོ་བསྒྲུབ་དགོས། འགལ་ཟླ་དང་རྩོད་གཞི་སེལ་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་ཁེ་ཕན་འབྲེལ་བ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་བརྒྱུད་ཏང་ཡོན་ལ་རྒྱུན་དུ་སློབ་གསོ་ཐེབས་པ་དང་སྔོན་ཐོན་རང་བཞིན་ཡུན་གནས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་ཤུགས་བརྒྱབ་སྟེ་གཞི་རིམ་དུ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་འཇོག་དགོས། མང་ཚོགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ཏང་དོན་མངོན་གསལ་དང་། གྲོང་དོན་མངོན་གསལ། ནོར་དོན་མངོན་གསལ། རྒྱུ་ནོར་དང་མ་དངུལ་དེ་བཞིན་ཐོན་ཁུངས་ལ་དོ་དམ་བྱེད་པ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་ལམ་སྲོལ་དང་། རེ་ཞུ་མཚོན་པའི་ལམ་སྲོལ། འགལ་ཟླ་འདུམ་འགྲིག་ལམ་སྲོལ། དབང་ཆ་འགན་སྲུང་ལམ་སྲོལ་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། མང་ཚོགས་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལས་དོན་ལམ་ལུགས་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        སྤྱོད་ཚུལ་ཡག་སྡུག་དེ་ཏང་གི་གཟུགས་བཪྙན་དང་འབྲེལ་བ་ཡོད་ལ་བྱ་གཞག་རྒྱལ་ཕམ་ཇི་ཡོང་དང་ཡང་འབྲེལ་བ་ཡོད། རིམ་ཁག་ཏང་སྲིད་རྩ་འཛུགས་དང་ལས་དོན་ཚོགས་ཆུང་གིས་རང་སྡོད་སར་མི་བཞག་དང་མི་སྡོད་སར་རང་སྡོད་ཀྱི་ཐོག་ནས་གཞི་རིམ་ཏང་ཡོན་ལས་བྱེད་པའི་དཀའ་ངལ་སེལ་བ་དང་ལས་དོན་དང་། བསམ་བློ། འཚོ་བ་བཅས་ཀྱི་ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཐོག་ཆབ་སྲིད་ཐད་ཐུགས་ཁུར་དང་། ལས་དོན་ཐད་རྒྱབ་སྐྱོར། འཚོ་བའི་ཐད་ལྟ་རྟོགས། བསམ་བློའི་ཐད་སྐུལ་ལྕག་བྱས་ཏེ་གཞི་རིམ་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐོག་གོང་བུ་འགྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།