དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཙོ་གནད་མངོན་གསལ་དོད་པོ་དང་ལས་འགན་ཁ་གསལ་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        གཙོ་གནད་མངོན་གསལ་དོད་པོ་བྱུང་ཚེ་གཞི་ནས་བྱ་ཐབས་དངོས་བཟོ་ཐུབ་པ་དང་ལས་འགན་ཁ་གསལ་དོད་པོ་བྱུང་ཚེ་གཞི་ནས་དངོས་ཕན་དོན་གཉེར་བྱེད་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་འགན་གཙོ་བོ་ཁག་བཞིའི་ནང་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་སྣེར་དམ་པོར་གཞིགས་པ་དང་གཞི་རིམ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཕོག་པའི་དཀའ་གནད་ཀྱི་གནད་དོན་དང་། གཞི་རིམ་གྱི་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཕོག་པའི་མངོན་གསལ་དོད་པའི་གནད་དོན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཕོག་པའི་འགག་རྩའི་གནད་དོན་བཅས་ལ་དམ་པོར་གཞིགས་ཡོད་པས་མི་དམངས་མང་ཚོགས་ཚོས་ཏང་གི་གཞི་རིམ་ལས་དོན་དང་ཏང་གི་གཞི་རིམ་ལས་བྱེད་པར་བཏོན་པའི་རེ་བ་གསར་པ་དང་མཐུན་ཡོད་པ་དང་སློབ་གསོར་བརྟེན་ནས་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་གཙོ་བོར་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་བོར་བྱེད་པ་བཅས་ཀྱི་བླང་བྱ་མངོན་ཡོད། དེར་བརྟེན་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོའི་ལས་འགན་གཙོ་བོ་དང་དམིགས་ཚད་དང་བླང་བྱ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལས་འགན་ཁ་གསལ་ཡོང་བ་བྱེད་པ། གཙོ་གནད་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གསར་གཏོད་རང་བཞིན་ལྡན་པའི་ངང་ཡག་པོ་སྤེལ་དགོས།

        ཏང་གི་བྱེད་ཕྱོགས་སྲིད་ཇུས་ཏན་ཏིག་ངང་དྲིལ་བསྒྲགས་ཡག་པོ་བྱེད་དགོས། དྲིལ་བསྒྲགས་བསམ་བློའི་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ལེགས་ཆ་ཞིག་དང་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་སྐུལ་སློང་བཅས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། དོན་ཟབ་གོ་བདེའི་སྐད་ཆ་དང་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་མང་ཚོགས་དང་འབྲེལ་གཏུག་ཐུབ་ས་དང་མཐུན་ས་གནད་ལ་འཁེལ་བ་ཞིག་འཚོལ་ཞིབ་བྱས་ནས་ངོ་ཐུག་གདོང་འཕྲད་ངང་མང་ཚོགས་ཚོར་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཚོས་གོ་ཐུབ་པ་དང་བློ་ལ་བརྟན་པོ་ངེས་ཐུབ་པ་བྱེད་དགོས།

        གནད་དོན་མངོན་གསལ་དོད་པོ་དངོས་འབྲེལ་ཐག་གཅོད་ཡག་པོ་བྱེད་དགོས། མང་ཚོགས་ཚོས་གླེང་མང་བའི་གནད་དོན་མངོན་གསལ་དོད་པོ་དངོས་འབྲེལ་ཐག་གཅོད་ཡག་པོ་ཐུབ་མིན་དེ་བྱེད་སྒོར་ཕན་འབྲས་ཐོབ་མིན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱེད་སྒོའི་དུས་མཚམས་ཁག་དང་ལྷུ་ཚིགས་ཁག་ལ་ཡོངས་སུ་ཁྱབ་པ་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་ཕོག་པའི་འགག་རྩའི་གནད་དོན་ལ་དམ་པོར་གཞིགས་ཏེ་གཞི་རིམ་ལ་ཐབས་ཇུས་འདོན་པ་དང་། རྣམ་གྲངས་འཚོལ་བ། ལག་རྩལ་ཐད་ནས་རོགས་རམ་བྱེད་པ། གཞི་རིམ་གྱི་ལས་བྱེད་པར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དྭངས་གསལ་ཡོང་རོགས་བྱེད་པ། འཕེལ་རྒྱས་ཀྱི་དམིགས་ཚད་བཟོ་བ་བཅས་བྱས་ནས་འཕེལ་རྒྱས་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་གཞིགས་ནས་ཁ་ཞེ་གཉིས་མེད་ངང་མང་ཚོགས་ལ་མཐོང་ཐུབ་པ་དང་རེག་ཐུབ་པའི་བྱ་བ་དངོས་འགའ་ཞིག་བསྒྲུབས་ཏེ་དམངས་འཚོའི་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས།

        ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་བརྟན་དུ་ཧུར་ཐག་གཏོང་དགོས། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ནི་མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ། མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་མཐའ་མཇུག་གི་དམིགས་ཡུལ་ཞིག་ཀྱང་ཡིན། མང་ཚོགས་ཚོར་ལྷག་བསམ་རྣམ་དག་གི་བརྩེ་སེམས་བཅངས་ནས་སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཚོས་གང་བསམ་པ་དང་རེ་བ་གང་བྱེད་པ་ཤེས་རྟོགས་ཐུབ་པ་བྱས་ནས་གཞི་རིམ་གྱི་ལས་དོན་ཁྲོད་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་མང་ཚོགས་ལས་དོན་ལེགས་པར་སྒྲུབ་པའི་འཇུག་གཞི་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱེད་པ་དང་། མང་ཚོགས་ཚོས་ཏང་གི་དམངས་ཕྱུག་དང་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་རྒྱུར་རོགས་རམ་བྱས་ནས་སྲིད་ཇུས་ཚང་མའི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་པ། དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་དང་སྟངས་འཛིན་ནན་ཏན་བྱས་ནས་ང་ཚོའི་ལས་དོན་ལ་མང་ཚོགས་ཚོའི་ཞིབ་དཔྱད་ཐོབ་ཐུབ་པ་བྱེད་པ་བཅས་བྱས་ནས་མཐུན་སྦྱོར་ལྡན་པའི་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཧུར་ཐག་གཏོད་དགོས།

        གཞི་རིམ་ལ་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱེད་རོགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ནི་ཏང་གི་སྲིད་སྐྱོང་ནུས་པའི་གལ་ཆེའི་མཚོན་ཚུལ་ཞིག་ཡིན། རྨང་གཞི་བརྟན་པོ་བྱུང་ཚེ་ཏང་གི་སྲིད་སྐྱོང་གནས་བབ་གཞི་ནས་བརྟན་པོ་ཡོང་ཐུབ་པ་དང་གཞི་རིམ་སྟོབས་ཆེ་བྱུང་ཚེ་ཏང་གི་སྲིད་སྐྱོང་ནུས་པ་གཞི་ནས་ཤུགས་ཆེར་འགྲོ་ཐུབ། གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོའི་གོ་སྐབས་དམ་འཛིན་བྱས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་འགོ་ཁྲིད་ཚན་ཁག་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱེད་པ་དང་། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཡག་པོ་བསྐྲུན་རྒྱུར་རོགས་རམ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འཐབ་ནུས་མཐོ་རུ་ཤུགས་ཆེན་གཏོང་བ་དང་། གྲོང་ཚོའི (ཨུ་ལྷན་གཉིས )ཚན་ཁག་གི་བློ་ཁ་ཕྱོགས་ཤུགས་ཇེ་ཆེར་གཏོང་བ། ཏང་ཡོན་ལས་བྱེད་པའི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་གསར་གཏོད་ནུས་པ་འཕེལ་བ་བྱེད་པ། གཞི་རིམ་རྩ་འཛུགས་འཐུས་ཚང་དུ་གཏོང་བ་དང་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་རྩ་འཛུགས་གསོན་ཤུགས་ཀྱིས་ཁེངས་པ་དང་གཞི་རིམ་གྱི་རྨང་གཞི་དེ་བས་བརྟན་དུ་གཏོང་དགོས།

        ད་ཆ་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད་པས་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་འགན་འཁྲིའི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཤུགས་ཆེར་བཏང་ནས་འཆར་འགོད་སྔ་ཙམ་འདིང་བ་དང་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་འགན་ཁག་ལེགས་པར་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།