དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ”ཟེར་བ་དེ་ནི་དངོས་འབྲེལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་ཉིད་ནི “རྒྱ་གར་གྱི་བུ་ཕྲུག ”ཡིན་ཞེས་བརྗོད་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་ཞིག་ཏུ་གཏམ་བཤད་བྱེད་སྐབས་སླར་ཡང་མི་རྣམས་འདྲོག་དགོས་པའི་སྐད་ཆ་བཤད་ཡོད།

        དེ་གོང་ཁོ་པས་རྒྱ་གར་གྱི་སྨྱན་སྦྱོར་བཅར་འདྲི་དང་ལེན་བྱེད་སྐབས་ཏཱ་ལ་སྐུ་ཕྲེང་དྲུག་པའི་ཕ་ཡུལ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་རྟ་དབང་ས་ཁུལ་ནི་རྒྱ་གར་ལ་གཏོགས་ཀྱི་ཡོད་ཅེས་མངོན་སུམ་འཛེམ་མེད་ངང་བཤད་པ་དང་ད་རེས་གཏམ་བཤད་བྱེད་སྐབས་ཁོ་པས་རྒྱ་གར་གྱིས་བོད་ཀྱི་བདག་དབང་འདོད་ཚུལ་འཛིན་པའི་རྒྱུ་མཚན་ཀྲུང་གོ་ལས་དེ་བས་ཆེ་བ་ཡོད་ཅེས་བཤད་པས་དེ་ནི་མོན་རྟ་དབང་བཙོངས་པ་མ་ཟད། ད་དུང་བོད་འཚོང་རྩིས་ཡོད་ཅེས་པ་ལྟར་རེད།

        རྒྱ་གར་གྱི་སྨྱན་སྦྱོར་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་གཏམ་བཤད་བྱེད་སྐབས་ཏཱ་ལས་བཤད་སྟངས་ཪྙིང་པ་ཡང་བསྐྱར་བཤད་པ་ཕུད། སླར་ཡང་རྒྱ་གར་ནི་བཀའ་དྲིན་ཆེན་པོ་ཡིན་ལུགས་བཤད་དེ་རྒྱ་གར་ལ་བསྔགས་བརྗོད་དང་ཀྲུང་གོར་དམའ་འབེབས་གང་ཐུབ་བཏང་ཡོད། དུས་མཚུངས་ཁོ་པས་མི་རྣམས་ལ་གལ་སྲིད་རྒྱ་གར་གྱིས་བོད་ཀྱི་བདག་དབང་ཡོད་ལུགས་བཤད་ན་ཀྲུང་གོ་ལས་རྒྱུ་མཚན་ཆེ་བ་ཡོད་ཅེས་བཤད་པ་དང་ཁོ་པས་ནང་བསྟན་གྱི་འབྱུང་གནས་ནི་རྒྱ་གར་ཡིན་པ་དང་མིག་སྔའི་བར་ལ་དྭགས་ནས “ཨ་ལུའུ་ན་ཆར་མངའ་སྡེ ”(ཀྲུང་གོའི་བོད་ཀྱི་ལྷོ་རྒྱུད་ས་ཁུལ་ཡིན་པ )བར་ནང་བསྟན་སྔར་བཞིན་དར་བར་བརྟེན་བོད་མི་དང་རྒྱ་གར་དབར་གྱི “འབྲེལ་བ་དམ་ཟབ ”སྐོར་གླེང་སྐབས་ཁོ་པས “རྒྱ་གར་གྱིས་བོད་ཀྱི་བདག་དབང་ཡོད་ལུགས་ཤོད་པའི་རྒྱུ་མཚན་ཀྲུང་གོ་ལས་དེ་བས་ཆེ་བ་ཡོད ”ཅེས་བཤད་པ་རེད།

        ཏཱ་ལས་མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ་དང་མིའི་ངོ་བསུས་ཏེ་འཚོ་བ་སྐྱེལ་དགོས་པར་བརྟེན་ངེས་པར་དུ་གཞན་གྱི་དགའ་བའི་སྐད་ཆ་ཡང་ཡང་བཤད་ནས་གཞན་ལ “ངོ་དགའ ”བྱེད་པ་དེ་ནི་ཧང་སངས་དགོས་པ་ཞིག་མ་རེད། མཚོ་སྔོན་དུ་སྐྱེས་པ་དང་མངའ་ཁོངས་ཕྱི་རོལ་དུ་ཡུལ་གྱར་བའི “ཆབ་སྲིད་ཀྱི་བར་ཚོང་བ ”དེས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་ཁ་ཕྲལ་དུ་གཏོང་རྒྱུ་ལས་རིགས་ལྟ་བུར་བརྩིས་ཏེ་མེས་རྒྱལ་གྱི་ཁེ་ཕན་ཕྱིར་ཚོང་དང་བོད་མི་དམངས་ཀྱི་བདེ་བར་གནོད་འཚེ་གཏོང་རྒྱུར་མི་འཛེམས་པ་དང་མེས་རྒྱལ་གྱི་མངའ་ཁོངས་འཁྱེར་ནས་ཉོ་ཚོང་བྱ་རྒྱུར་དེ་བས་མི་འཛེམས་པ་དེ་ནི་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་གྱིས་སྔ་ས་ནས་གོམས་ཏེ་ཡ་མཚན་སྐྱེ་གི་མེད། མི་རྣམས་ཡ་མཚན་སྐྱེ་དགོས་པ་ཞིག་ནི་ད་རེས་ཁོ་པས་བོད་དེ་རྒྱལ་ཁབ་གཞན་དག་ལ་སྤྲོད་པའི་རྒྱུ་མཚན་ནི “གསར་པ ”ཞིག་ཡིན་པས་ཁོ་པའི་གསར་གཏོད་ཀྱི་བྱ་ཐབས་ཤིག་ལ་བརྩི་ཆོག

        ཏཱ་ལའི་ལྟ་ཚུལ་ལ་གཞིགས་ན། ཆོས་ལུགས་སམ་ཡང་ན་རིག་གནས་ཤིག་རྒྱལ་ཁབ་བམ་ཡང་ན་ས་ཁུལ་ཞིག་ནས་བྱུང་བ་དང་དེ་རྗེས་རྒྱལ་ཁབ་བམ་ས་ཁུལ་གཞན་དག་ཏུ་དར་རྗེས་ཆོས་ལུགས་སམ་ཡང་ན་རིག་གནས་དེ་འབྱུང་གནས་ལ་རྒྱལ་ཁབ་བམ་ཡང་ན་ས་ཁུལ་གཞན་དག་དེའི “བདག་དབང་ཡོད་ལུགས ”ཤོད་པའི་རྒྱུ་མཚན་ཡོད། མི་རྣམས་འདྲོག་དགོས་པའི་བཤད་སྟངས་དེར་ཁུངས་ལུང་གཏན་ནས་མེད་པ་དང་དེ་ལས་ལྡོག་སྟེ་གནམ་འོག་ཟིང་ཆ་ཆེན་པོ་ལངས་ཤས་ཆེ།

        གནའ་སྔ་མོ་ནས་བཟུང་མིའི་རིགས་ཀྱི་རིག་གནས་ནི་ཕན་ཚུལ་སྤེལ་རེས་བྱེད་པ་ནི་ཚང་མས་མཁྱེན་གསལ་རེད། འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་ཆོས་ལུགས་སམ་ཡང་ན་རིག་གནས་མི་ཉུང་བ་ཞིག་འབྱུང་གནས་ཡུལ་གྲུ་གཅིག་ཡིན་རུང་མཐའ་འཁོར་ལ་ཤུགས་རྐྱེན་མགྱོགས་པོ་ཐེབས་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་མཉམ་དུ་རོལ་བ་དང་ཐུན་མོང་ཐོག་གོང་དུ་སྤེལ་བའི་མིའི་རིགས་ཀྱི་ཐུན་མོང་གི་བསམ་པའི་བདུད་རྩི་ལྟ་བུར་གྱུར་ཡོད། ཆོས་ལུགས་ཁོ་ན་ནས་བརྗོད་ན། འཛམ་གླིང་ཐོག་གི་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཡོད་པ་དང་ཡེ་ཤུའི་ཆོས་ལུགས་དང་། དབྱི་སི་ལམ་ཆོས་ལུགས། ནང་པའི་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་གསུམ་ཡོད་པ་ཕུད། གླིང་ཆེན་ཁག་གི་ས་ཁུལ་མི་ཉུང་བ་ཞིག་ཏུ་ད་དུང་ཤུགས་རྐྱེན་ཧ་ཅང་ཆེ་བའི་ས་ཁུལ་རང་བཞིན་གྱི་ཆོས་ལུགས་མང་པོ་ཡོད། ཆོས་ལུགས་དེ་དག་ཕལ་ཆེ་བ་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་ཁྱབ་པ་ལས་རྒྱལ་ཁབ་གཅིག་དང་གྲོང་ཁྱེར་གཅིག་ཁོ་ནར་དར་བ་ཞིག་མིན།

        གལ་སྲིད་ཏཱ་ལའི་མཚན་ཉིད་ལྟར་བྱས་ན། ཆོས་ལུགས་དེ་དག་འབྱུང་གནས་རྒྱལ་ཁབ་ཀྱིས་ཆོས་ལུགས་དེ་དག་ཁྱབ་པའི་རྒྱལ་ཁབ་བམ་ས་ཁུལ་མི་འདྲ་བར་བདག་དབང་གི་བླང་བྱ་འདོན་ཆོག དེ་ལྟར་བྱས་ཚེ་ད་ལྟའི་རྒྱལ་ཁབ་ཀྱི་བདག་དབང་རྩ་དོན་སྒོ་ཀུན་ནས་མགོ་རྟིང་བསློགས་པ་དང་ད་ལྟའི་རྒྱལ་སྤྱིའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་སྤྱིའི་སྒྲིག་ལམ་སྒོ་ཀུན་ནས་གཏོར་ཏེ་གནམ་འོག་ཟིང་མི་ལངས་པ་ག་ལ་སྲིད། དེར་བརྟེན་ཏཱ་ལས་ཉེས་མིང་ཆེན་པོ་འཁུར་རྒྱུར་མི་འཛེམས་པར “ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ ”ཟེར་བ་འདོན་ཕོད་པ་དེ་ནི་ཁོ་པ་སྨྱོ་ཧམ་ཚད་མེད་ཅིག་རེད་ཅེས་མི་བརྗོད་ནའང་མི་རྣམས་རྦད་དེ་འདྲོག་དགོས་པ་ཞིག་རེད།

        དེང་དུས་འཛམ་གླིང་ཐོག་གི་མི་རྣམས་ཀྱིས་དད་ལྡན་མི་འདྲ་བ་ཕན་ཚུན་མཐུན་སྦྱོར་མཉམ་གནས་དང་རིག་གནས་མི་འདྲ་བ་ཕན་ཚུན་སྤེལ་རེས་ཀྱི་རེ་བ་བྱེད་པའི་དུས་བབ་ཆེན་པོའི་འོག་ཆོས་ལུགས་མཐར་འཛིན་རིང་ལུགས་པ་ཆེས་ཉུང་ཤས་ཕུད། མིའི་རིགས་ཀྱི་རིག་གནས་སྤེལ་རེས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པའི་གཏམ་འཆལ་དེ་རིགས་སུས་ཀྱང་ཤོད་ག་ལ་ཕོད།

        འོན་ཏེ་ཀྲུང་གོའི་རྒྱལ་སྟོབས་ཉིན་བཞིན་ཆེ་རུ་འགྲོ་བ་དང་རྒྱལ་སྤྱིའི་ཐོག་གི་གཟུགས་བཪྙན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་ཆབས་ཅིག་ཞི་བའི་ངང་གོང་དུ་སྤེལ་བའི་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་འབྲེལ་བའི་གཙོ་རྒྱུན་མཐའ་འཁྱོངས་བྱེད་པ་ནི་སྔ་ཕྱི་བར་གསུམ་དུ་ཞི་བདེ་མཛའ་གྲོགས་ཀྱི་རེ་བ་རེད། ཏཱ་ལའི་ངོམ་རིན་མེད་པའི་བརྗོད་བྱ་དང་ཐ་ཤལ་གཡོ་ཐབས་དེ་དག་གིས་ནུས་པ་ཅི་ཡང་འདོན་མི་ཐུབ་པར་དེ་ལས་ལྡོག་སྟེ་འཛམ་གླིང་ཐོག་གི་དྲང་བདེན་འཛིན་མཁན་མི་སྣ་དེ་བས་མང་བ་ཞིག་གིས་ཕྱི་ཚུལ་ཐོག་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་ཐེངས་མང་བྱེད་པ་དང་། བྱེད་ལུགས་བྱེད་སྟངས་ནི་གཡོ་ཐབས་ཡོད་རྒུ་རྩལ་སྤྲུགས་འདོན་པ་དང་། མེས་རྒྱལ་ཁ་ཕྲལ་གཏོང་བའི་ལངས་ཕྱོགས་མཁྲེགས་བཟུང་བྱེད་པ། ཐ་ན་མངའ་ཁོངས་དང་བདག་དབང་ཕྱིར་ཚོང་བྱ་རྒྱུར་མི་འཛེམས་པ་བཅས་ཀྱི “ཆབ་སྲིད་ཀྱི་བར་ཚོང་བའི ”གདོང་རིས་ངོ་མ་དེ་བས་གསལ་པོར་རྟོགས་ཐུབ་པ་ལས་མ་འདས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།