“ལོ་ལྔ་ཚན་བཅུ་གཉིས་པའི”“ཞིང་གསུམ”ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས།
ལོ་གསར་པ་ཤར་མ་ཐག་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་གི་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ། མིག་སྔའི་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་ཐད་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ། 2011ལོའི་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ། ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་སྐོར་གཙོ་གནད་ཐོག་ཞིབ་འཇུག་བྱས་པ། “ཞིང་གསུམ ”ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཟོས་ནས་རང་ལྗོངས་ཀྱིས་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི “ཞིང་གསུམ ”ལས་དོན་སྔར་བས་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་དེ་བས་ཆེན་པོ་ཡོང་བར་འབད་བརྩོན་བྱ་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
འདས་མ་ཐག་པའི་2010ལོ་ནི “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ལག་བསྟར་བྱེད་པའི་ཐག་གཅོད་རང་བཞིན་ལྡན་པའི་ལོ་ཞིག་ཡིན་ལ་རང་ལྗོངས་ཀྱིས “ཞིང་གསུམ ”ལས་དོན་ཐད་གོ་སྐབས་དམ་འཛིན་གྱིས་དུས་བབ་བཟང་པོ་དང་བསྟུན་ནས་སླར་ཡང་གྲུབ་འབྲས་བཟང་པོ་བཏོད་པའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་ཁག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་བདེ་སྡོད་ལས་བརྩོན་ལ་ཤུགས་སྣོན་བརྒྱབ་པ་དང་། ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་མགྱོགས་སུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་བྱས་པ། ཡོང་འབབ་འཕར་རྒྱུ་འགན་ལེན་དང་། རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོར་སྣང་ཆེན་བྱེད་པ། སྒྱུར་བཅོས་ལ་དམ་འཛིན་བྱེད་པ། མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། ལོ་ཧྲིལ་པོའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཀྱིས་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དམིགས་ཚད་ལེགས་སྒྲུབ་ཡག་པོ་བྱས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཐུབ་པ་བྱུང་ཡོད།
ལོ་5ཡི་ལག་ལེན་ཐོག་ནས་ངེས་པར་དུ “ཞིང་གསུམ ”ལས་དོན་དེ་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་རྒྱུ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་གྲོང་གསེབ་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཀྲུང་དབྱང་གི་སེམས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར། རང་སྟོབས་རང་སྤེལ་བཅས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་གྲོང་གསེབ་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་དེ “ཞིང་གསུམ ”ལས་དོན་གྱི་གལ་ཆེའི་ནང་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་བཅས “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ ”དྲུག་པོ་དེ་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་ཡག་པོ་བསྒྲུབ་པའི་སྤྱོད་གོ་ཆོད་པའི་རྩ་ཆེའི་ཉམས་མྱོང་དང་གྲུབ་འབྲས་ཐོབ་པའི་བྱེད་ཐབས་ཤིག་ཡིན་པ་ང་ཚོར་ར་འཕྲོད་བྱུང་ཡོད།
གྲུབ་འབྲས་ཁས་ལེན་བྱེད་པ་དང་སྦྲགས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ད་དུང་དཀའ་ངལ་དང་གནད་དོན་མང་པོ་འཕྲད་ཡོད་པ་སྟེ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་གཞི་དང་ཞིང་འབྲོག་པའི་ཡོང་འབབ། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དངོས་པོ་དང་ལག་རྩལ་གྱི་སྒྲིག་ཆས་བཅས་དང་དེ་བཞིན་གཞི་རིམ་གྱི་ལས་བྱེད་པ་དང་ཞིང་འབྲོག་པ་ཁག་གཅིག་གི་བསམ་བློའི་འདུ་ཤེས་དང་ཁྲོམ་རའི་འདུ་ཤེས་རྒྱལ་ཡོངས་དང་བསྡུར་ཚེ་ཧེ་བག་མངོན་གསལ་དོད་པོ་གནས་ཡོད་པ་དེ་མཐོང་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ང་ཚོར་ཡང་མཐུན་རྐྱེན་མང་པོ་ལྡན་ཡོད་པ་སྟེ། ཀྲུང་དབྱང་གིས་སེམས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་བྱས་པ་དེས་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་བྱུང་བ་དང་། ལོ་བཅུ་ཕྲག་ཁ་ཤས་ཀྱི་ནང་འཕེལ་རྒྱས་བྱུང་བའི་རྨང་གཞིའི་གསོག་འཇོག་གིས་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འགན་ལེན་བྱུང་བ། ཕུན་སུམ་ཚོགས་ལ་དྭངས་གཙང་གི་ཆུ་དང་སའི་ཐོན་ཁུངས་དངཐུན་མོང་མ་ཡིན་པའི་ཉི་འོད་དང་ཚ་ནུས་ཀྱི་ཆ་རྐྱེན་ལྡན་པ་དེས་ང་ཚོར་ཡུལ་སྐོར་ཞིང་འབྲོག་ལས་དང་། སྣོད་བཅུད་ཞིང་འབྲོག་ལས། ཁྱད་ལྡན་ཞིང་འབྲོག་ལས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཀྱི་ཞིང་འབྲོག་ལས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་འདི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པ། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་ལེགས་སྒྲིག་བྱེད་པ། གཏོང་ཆ་གཅིག་སྡུད་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་བསྒྲུབ་པ་བཅས་ཀྱི་ལམ་སྲོལ་ལས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་ལམ་ལུགས་ཀྱི་འགན་ལེན་བྱུང་བ། ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱེད་པ། གྲོང་གསེབ་ཀྱི་དམངས་འཚོ་ལེགས་སུ་གཏོང་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ལ་གྱུར་བ་དང་། ཞིང་འབྲོག་མང་ཚོགས་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོར་དངོས་འབྲེལ་གྱུར་ནས་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཆེས་རྒྱ་ཁྱབ་དང་། ཆེས་གལ་ཆེན། ཆེས་སྲ་བརྟན་བཅས་ཀྱི་རྨང་གཞི་བཏིང་བ། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱུང་བ་བཅས་ཡིན། དཀའ་ངལ་དང་གོ་སྐབས་མཉམ་དུ་གནས་ཡོད་པས་དཀའ་ངལ་གྱི་མདུན་དུ་ང་ཚོས་མིག་སྔའི་དཀའ་ངལ་ཁྱད་བསད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དགོས་པ་དང་། གོ་སྐབས་ཀྱི་མདུན་དུ་ང་ཚོས་གོ་སྐབས་སྟངས་འཛིན་བྱེད་ཐུབ་པ་བྱས་ནས་དུས་བསྟུན་མདུན་སྐྱོད་ཀྱིས་ཀྲུང་དབྱང་གིས་རང་ལྗོངས་ལ་བཏོན་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། བེད་སྤྱོད་འདང་ངེས། བེད་སྤྱོད་གནད་འཁེལ་བཅས་བྱས་ནས་ཕྱོགས་ཚང་མའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་རང་ལྗོངས་ཀྱི “དམངས་ཕྱུག་བོད་དར ”གྱི་འཐབ་ཇུས་མངོན་འགྱུར་ཡོང་བའི་འགག་རྩ་ཞིག་ཡིན་པས་མཆོང་སྐྱོད་ལྟ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་རྒྱུ་དང་འབྲེལ་བ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི “ཞིང་གསུམ ”གྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་འགག་རྩ་ནི་འགོ་ཡག་པོ་འཛུགས་རྒྱུར་རགས་ལུས་ཡོད། 2011ལོའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་བསལ་དང་གལ་ཆེའི་དོན་སྙིང་ལྡན་ཡོད།
2011ལོའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ལྗོངས་ཡོངས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་སྔོན་ལ་ཆུ་བེད་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་ལ་བརྟེན་ནས་བྱེད་ཐབས་ལ་འགྱུར་ལྡོག་གཏོང་བ། བདེ་སྡོད་ལས་བརྩོན་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ། ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་བརྟེན་ནས་ཡོང་འབབ་མང་དུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་བརྟེན་ནས་གསོན་ཤུགས་འཕེལ་བ་བྱེད་པ་བཅས་བྱེད་དགོས།
2011ལོའི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་གྱི་དམིགས་ཚད་དང་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་ཞིག་ཡོད་པས་ང་ཚོས་ངེས་པར་དུ་ལས་འགན་ཨང་དང་པོར་དམ་འཛིན་བྱེད་རྒྱུ་ལྷོད་གཡེང་དུ་མི་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་ཞིང་འབྲོག་ལས་དང་གྲོང་གསེབ་ལས་དོན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱེད་དགོས། བདེ་སྡོད་ལས་བརྩོན་ཚད་བརྒལ་ཡོང་གཞིར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱེད་པ། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་ཆུ་ཚད་གསར་པའི་ཐོག་སླེབས་པ་དང་གཞི་ཁྱོན་ཐོག་སླེབས་པའི་འགན་ལེན་བྱེད་པ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་གནས་གཞན་སྒྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་མུ་མཐུད་ཆེས་ཆེར་འཕར་བའི་འགན་ལེན་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བའི་འགན་ལེན་བྱེད་པ། ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་ནས་ཞིང་འབྲོག་ཐོན་ཟོག་གི་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱེད་པ། གྲོང་གསེབ་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་འགྲོ་བའི་འགན་ལེན་བྱེད་པ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དབུལ་པོ་རང་གིས་རང་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་འགན་ལེན་བྱེད་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ལྟ་སྐབས་རང་ལྗོངས་ཀྱི་དེང་རབས་ཞིང་འབྲོག་ལས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཆེན་པོ་དང་། འཕེལ་རྒྱས་ཆེན་པོ། མཆོང་སྐྱོད་ཆེན་པོ་བཅས་ཀྱི་འགོ་ཚུགས་ཟིན་ཡོད། འདི་ལོ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲིའང་ལྕི་པོ་ཡོད། དེར་བརྟེན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས “གལ་ཆེའི་ནང་གི་འགངས་ཆེར་བརྩི་བའི ”བསམ་བློ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ་དང་། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལས་ཀའི་བྱ་ཐབས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ། ཏང་ཡོངས་སྐུལ་སློང་དང་། དམངས་ཡོངས་ཞུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི “ཞིང་གསུམ ”གྱི་མཉམ་ཤུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་ཐེབས་པ་བཅས་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་བསྒྲུབས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི “ཞིང་གསུམ ”ལས་དོན་གྱི་ལེའུ་གསར་པ་རྩོམ་དགོས།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣