དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་འགོ་འཛུགས་ལོའི་དམིཌ་ཚད་དང་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པ་དང་འདི་ལོའི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་ལས་འགན་དང་། ལས་དོན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་གསལ་སྟོན་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོར་ངེས་པར་དུ་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྱི་བརྗོད་བྱ་གཙོ་བོ་དང་ལམ་ཕྱོགས་གཙོ་བོར་དམ་པོར་དམིགས་ཏེ་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ལས་འགན་ཁ་གསལ་བཟོ་བ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ། དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐོག་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་སེམས་ནུས་གང་ཡོད་བཏོན་ནས་དམ་འཛིན་གྱིས་འདི་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།    

        སེམས་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་ཐུབ་པ་བྱེད་དགོས་ན་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་ལས་འཛིན་བྱེད་དགོས་ཤིང་། ལས་འཛིན་ཞེས་པ་ནི་སེམས་པ་ཡོངས་རྫོགས་བྱ་གཞག་བསྒྲུབ་རྒྱུར་འཇོག་དགོས་པ་དེར་ཟེར། དེ་ཞིབ་པར་བཤད་ན་ཏང་གི་བྱ་གཞག་ལ་བློ་གཅིག་སེམས་གཅིག་བྱེད་པ་ལས་བློ་རྩེ་གཉིས་བྱ་མི་རུང་བ་དང་། སྒྲུབ་མ་ཐུབ་པའི་བྱ་བ་གཅིག་འཕྲད་ན་ཟས་ལ་བྲོ་བ་མེད་པ་དང་གཉིད་མི་ཁུག་པའི་འགན་འཁྲིའི་འདུ་ཤེས་ལྡན་དགོས་པ། ལས་དོན་སྒྲུབ་མཁན་མེད་པ་མཐོང་སྐབས་བློ་བདེ་པོ་མེད་པ་དང་། ལས་དོན་ལེགས་གྲུབ་མ་བྱུང་ན་བློ་བདེ་པོ་མེད་པ། ལས་དོན་ཡག་པོ་ལེགས་གྲུབ་མ་བྱུང་ན་བློ་བདེ་པོ་མེད་པ་བཅས་ཀྱི་བསམ་བློའི་འཁྱེར་སོ་ཞིག་ལྡན་དགོས་པ་དེ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་འཛུགས་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ལྕི་པོ་དེའི་མདུན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གནང་བའི་བཀོད་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། སེམས་ཤུགས་དེ་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་འཆར་འགོད་བྱེད་པའི་ཐོག་འདོན་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐོག་སྤྱོད་པ་བཅས་བྱས་ནས་ཡར་རྒྱས་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་བྱེད་དགོས། མིག་སྔར་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རིམ་ཁག་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། སློབ་སྦྱོང་དང་གསོ་སྦྱོང་བྱེད་རིང་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་འབྲེལ་ཡོད་ཆེད་ལས་ཤེས་བྱའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་དང་། ཕྱོགས་བསྡུས་བྱང་ཚད་ཀྱི་ནུས་པ། རྩོད་སྒྲུབ་ཀྱི་བསམ་བློ་གཏོང་ནུས་བཅས་ཆེ་རུ་ཧུར་ཐག་གཏོང་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ཕྱོགས་སྟོན་དང་མི་སྤྱོད་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་ལས་དོན་སྒྲུབ་འདོད་ཡོད་པ་དང་། ལས་དོན་སྒྲུབ་ཕོད་པ། ལས་དོན་སྒྲུབ་ཐུབ་པ། གནད་དོན་མི་ལྷག་པ་བཅས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་ལས་བྱེད་པ་ལས་གནས་གལ་ཆེན་ཐོག་འདེམས་གཏོང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱུས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གཙོ་གནད་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

        སེམས་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་ཐུབ་པ་བྱེད་དགོས་ན་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་ལས་ཇུས་འགོད་དགོས་ཤིང་། ལས་ཇུས་འགོད་རྒྱུ་ནི་ལས་དོན་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་རེད། དུས་ཚོད་གཅིག་སྡུད་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཞི་རིམ་དང་དོན་དངོས་ཀྱི་ཁྲོད་དུ་བསྐྱོད་དེ་དོན་དངོས་གནས་ཚུལ་རྒྱ་ཁྱབ་ངང་ཤེས་རྟོགས་བྱེད་པ། གཙོ་གནད་དང་དཀའ་གནད་ལ་དོ་ཁུར་སྔར་བས་མང་ཙམ་བྱེད་པ། འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ཀྱི་འཇུག་གཞི་དང་ཤུགས་རྒྱག་ས་སྔར་བས་འཚོལ་མཁས་པོ་བྱས་ནས་འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཚད་བརྒལ་ས་དང་འགག་རྩའི་གནད་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། འགལ་ཟླ་གཙོ་བོར་དམ་འཛིན་དང་གཙོ་གནད་དང་དཀའ་གནད་ལས་ཚད་བརྒལ་ཡོང་བ་བྱེད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དང་སྤྱི་ཚོགས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནན་ཏན་ངང་ཞིབ་འཇུག་བྱས་ནས་བཟོ་བ་དང་འདི་ལོའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་དོན་ཁག་གི་ཁྲོད་དུ་ལག་བསྟར་ཏན་ཏིག་ཡོང་བ་བྱེད་དགོས།

        སེམས་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་ཐུབ་པ་བྱེད་དགོས་ན་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་བྱ་གཞག་སྒྲུབ་དགོས་ཤིང་། བྱ་གཞག་སྒྲུབ་རྒྱུ་ནི་ལས་དོན་སྒྲུབ་པའི་རྨང་གཞི་ཞིག་ཡིན། འགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་དུ་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པ་བྱ་རྒྱུ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲིའི་སེམས་པ་ཆེ་ཙམ་དང་ལེགས་སྐྱེས་འབུལ་སེམས་ཆེ་ཙམ་གྱི་ཐོག་ནས་སེམས་ནུས་གཅིག་སྡུད་ཀྱིས་ལས་དོན་ལ་དམ་འཛིན་བྱེད་པ་དང་བྱ་གཞག་སྒྲུབ་དགོས་པ་དང་། “གཞན་ལས་ལྷག་པའི་འབད་བརྩོན་བྱེད་པའི ”དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཞིབ་ཕྲའི་ངང་དམ་འཛིན་དང་དམ་འཛིན་ཞིབ་ཕྲ་བྱས་ཏེ་དམིགས་ཚད་ཀྱི་འགན་འཁྲི་ཞིབ་ཕྲ་བཟོ་བ་དང་། ལས་དོན་རེ་རེ་བཞིན་ཞིབ་འཇུག་བྱེད་པ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། ཚོགས་འདུའི་ཐོག་གསུངས་པ་དང་ཡིག་ཆའི་ཐོག་བཀོད་པ་རྣམས་དངོས་འབྲེལ་དྲང་འབྲེལ་གྱི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱས་ནས་ཕན་འབྲས་ངོ་མ་ཐོབ་པ་བྱེད་དགོས་པ། ཏང་གི་མང་ཚོགས་ལམ་ཕྱོགས་དང་མང་ཚོགས་ཀྱི་ལས་དོན་བྱེད་ཐབས་མཐའ་འཁྱོངས་ཀྱིས་བརྩེ་སེམས་ཐོག་ནས་མང་ཚོགས་ལ་ཉེ་བཅར་དང་། བསམ་བློའི་ཐོག་ནས་མང་ཚོགས་ལ་བརྩི་བཀུར། བྱ་སྤྱོད་ཐོག་ནས་མང་ཚོགས་ཁྲོད་དུ་སྐྱོད་པ་བཅས་ཀྱི་ཁར་ལས་དོན་བསྒྲུབས་ནས་མང་ཚོགས་ལ་བལྟ་རུ་འཇུག་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་བསྒྲུབས་ཏེ་ཧུར་ཐག་འབད་ཐག་གིས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་དོ་དོ་ཏན་ཏན་གྱིས་མང་ཚོགས་ལ་དངོས་ཕན་དོན་གཉེར་བྱེད་དགོས།

        སེམས་ནུས་གང་ཡོད་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་ཐུབ་པ་བྱེད་དགོས་ན་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་བྱ་གཞག་སྒྲུབ་ཐུབ་པ་བྱེད་དགོས་ཤིང་། བྱ་གཞག་སྒྲུབ་ཐུབ་མིན་ནི་འགོ་ཁྲིད་ལས་བྱེད་པ་ཞིག་གི་བྱ་གཞག་སྒྲུབ་སེམས་ལ་ཚད་འཇལ་བའི་ཚད་གཞི་གལ་ཆེན་ཞིག་རེད། ལས་འགན་གསར་པ་དང་བླང་བྱ་གསར་པའི་མདུན་དུ་ང་ཚོས་སེམས་ཤུགས་ཆག་ནས་སྡོད་མི་རུང་བར་ངེས་པར་དུ་འབད་བརྩོན་ལྷོད་མེད་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དམིགས་ཚད་དུ་མ་སླེབས་པའི་བར་མཚམས་འཇོག་གཏན་ནས་བྱེད་མི་རུང་། ལྟ་བ་གསར་པ་ཞིག་འཛུགས་དགོས་པ་སྟེ། ལས་འགན་ལེགས་གྲུབ་བྱུང་བ་ནི་ཚད་གཞི་མཐོ་པོ་ཞིག་མིན། རྩེར་སོན་གྱི་གྲུབ་འབྲས་ཐོག་ནས་ལས་དོན་ཁག་མདུན་གྲལ་དུ་སྐྱོད་ཐུབ་པ་བྱུང་ན་གཞི་ནས་རང་འགན་གཙང་སྒྲུབ་བྱས་པ་ཞིག་རེད། ས་ཁུལ་ཁག་གི་རྨང་གཞིའི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བས་ངེས་པར་དུ་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་ལས་དོན་དངོས་དང་མ་མཐུན་པའི་དམིགས་ཚད་དང་འབོད་ཚིག་འདོན་མི་རུང་བ་དང་མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི་གཟུགས་བཪྙན་ལས་གྲྭ་གཉེར་མི་རུང་། སྒྲིག་ཁྲིམས་ནན་པོ་སྲུང་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིང་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་བྱེད་ཐབས་ཁག་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ལས་ཀའི་འཐབ་ཕྱོགས་དང་པོར་ཡོད་པའི་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་རྣམས་ཀྱི་ཕྲག་སྟེང་དུ་ཁུར་པོ་ཧ་ཅང་ལྕི་བ་དང་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ལས་ཀ་དང་འཚོ་བའི་ཁྲོད་དཀའ་ངལ་དངོས་མང་དག་ཅིག་ཀྱང་ཡོད་པས་ཁོང་ཚོར་དོ་ཁུར་དང་། གཅེས་སྐྱོང་། བསམ་ཤེས། རོགས་སྐྱོར་བཅས་དེ་བས་མང་བ་བྱེད་དགོས། ཁོང་ཚོ་འཚར་ལོངས་ཡར་རྒྱས་ཡོང་རྒྱུ་དང་ཁོང་ཚོའི་ལུས་སེམས་བདེ་ཐང་ཡོང་རྒྱུར་ཁ་ཞེ་གཉིས་མེད་ཀྱིས་དོ་ཁུར་བྱེད་པ་དང་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་མི་སེམས་སུ་ཟུག་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།

        འཕེལ་རྒྱས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་དང་། དཔལ་འབྱོར་ལས་དོན་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་གལ་འགངས་ཆེ་བའི་ལས་དོན་ཞིག་རེད། འདི་ལོའི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་ལས་འགན་དང་། ལས་དོན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་གཏན་ལ་ཕབ་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཟིན་པས་ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བརྗོད་བྱ་གཙོ་བོ་དང་ལམ་ཕྱོགས་གཙོ་བོར་དམ་པོར་དམིགས་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་སུ་བཏང་ནས་འགོ་འཛུགས་ལོའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།