ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག 2011ལོ་ནི་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་པ་དང་དཔལ་འབྱོར་ལས་དོན་གཙོ་གནད་ཀྱི་གྲས་ཤིག་ནི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དེ་རེད་ཅེས་བསྟན་ཡོད། ང་ཚོས་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུར་ཤུགས་སྣོན་རྒྱག་པ། ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་འདི་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ཁག་སྒོ་ཀུན་ནས་ལེགས་སྒྲུབ་ཡོང་བའི་འགན་ལེན་དང་། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་འཛུགས་པ་དང་། གོམ་པ་ཡག་པོ་སྤོ་རྒྱུའི་འགན་ལེན། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཡོང་རྒྱུའི་འགན་ལེན་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་ཕྱོཌ་བཟང་པོ་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་བོད་ཀྱིས་སྔ་ཕྱི་བར་གསུམ་དུ་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ཁུལ་ནས་གྲོང་ཁྱེར་བར་དང་དཔལ་འབྱོར་ཁྱབ་ཁོངས་ནས་ཁྱབ་ཁོངས་གཞན་དག་ཁག་བར་སྒོ་ཀུན་ནས་སྒྱུར་བཅོས་ལ་སྐུལ་མ་བཏང་བར་བརྟེན་གནའ་བོའི་གངས་ལྗོངས་ས་མཐོར་གསོན་ཤུགས་དང་འཕེལ་ཤུགས་གསར་པ་ཐོན་ཡོད། འོན་ཏེ་དཔལ་འབྱོར་འཁོར་སྐྱོད་བྱེད་རིང་རང་ལྗོངས་ཀྱི་ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་མེད་པ་དང་ཁྲོམ་ར་ཅན་གྱི་སྒྱུར་བཅོས་དོན་འཁྱོལ་རྦད་དེ་མ་བྱུང་བ་སོགས་ཀྱི་གནད་དོན་ཚད་གཞི་མི་འདྲ་བ་གནས་པ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནང་གི་གདིང་རྩའི་འགལ་བ་དེ་དག་རང་ལྗོངས་ཀྱི་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་མགྱོགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་འགོག་རྐྱེན་ཆེན་པོ་ཞིག་ཏུ་གྱུར་བ་ང་ཚོས་གསལ་པོར་མཐོང་ཐུབ་པ་བྱེད་དགོས། ཕྱིན་ཆད་ལོ་ལྔའི་ནང་རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འོད་སྟོང་གསར་པ་གཏོད་དགོས་པ་དང་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་དང་ལྷག་པར་དུ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་ཧུར་ཐག་བསལ་ཚེ་གཞི་ནས་སྒུལ་ཤུགས་དང་འཕེལ་ཤུགས་སྔར་བས་ཆེ་རུ་དང་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཐོབ་སྟེ་ཕྱི་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་དང་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་བྱེད་ཐུབ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད་ནང་སར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་སྒོ་དབྱེར་བརྟེན་ནས་གསར་སྤེལ་ལ་སྐུལ་མ་དང་གསར་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ “ནང་དུ་གདན་དྲངས་པ ”དང “ཕྱི་ལ་སྐྱོད་རྒྱུ ”མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་དེ་བས་ཆེ་བའི་ཐོག་ནས་ནང་སའི་ཁེ་ལས་དང་སྦྲེལ་མཐུད་དང་། མཉམ་ལས། མཉམ་འབྲེལ་བཅས་བྱས་ཏེ་མེས་རྒྱལ་ནང་ས་དང་ལྷག་པར་དུ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་ཆེ་གྲས་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་དང་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྨང་གཞི་དེའི་ཐོག་ང་ཚོས་ནང་ས་ནས་ཁེ་ལས་འགུགས་ཐབས་བྱས་ཏེ་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ། དོ་དམ་སོགས་དེ་བས་མང་བ་ཞིག་ནུས་ལྡན་ངང་གཅིག་ཏུ་བསྡུ་བ་དང་འབྲེལ་བཀོད་སྒྲིག་དེ་བས་ལེགས་པ་བྱས་ཐོག་བོད་རང་ངོས་ཀྱི་ལེགས་ཆ་སྤྱོད་པ་དང་སྒོ་མོ་འབྱེད་རྒྱ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཆ་རྐྱེན་ཅུང་འཛོམས་པའི་སྒོ་དབྱེ་རྣམ་པའི་ཁྲོམ་རའི་དཔལ་འབྱོར་གང་ཐུབ་འཛུགས་དགོས།
ཞབས་ཞུར་ཤུགས་སྣོན་རྒྱག་པའི་ཐད་སྲིད་འཛིན་ཞིབ་མཆན་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བྱ་བ་སྒྲུབ་པའི་ལྷུ་ཚིགས་ཉུང་དུ་གཏོང་བ་དང་། བྱ་བ་སྒྲུབ་པའི་གོ་རིམ་སྟབས་བདེ་རུ་གཏོང་བ། བྱ་བ་སྒྲུབ་པའི་དུས་ཡུན་ཐུང་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་འཚམས་པའི་སྲིད་འཛིན་ཞིབ་མཆན་ལམ་ལུགས་འཛུགས་རྒྱུ་ནི་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་ཡིན་ལ་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་པའི་ནང་གནས་ཀྱི་བླང་བྱའང་རེད། ཞབས་ཞུ་ནི་སྲིད་གཞུང་གི་རྩ་བའི་འགན་འཁྲི་དང་སྲིད་གཞུང་གི་རྩོད་མེད་འགན་འཁྲི་ཞིག་རེད། འོན་ཏེ་རང་ལྗོངས་སུ་སྲིད་གཞུང་གི་སྡེ་ཚན་ལ་ལའི་ཞབས་ཞུའི་འདུ་ཤེས་ཞན་པ་དང “སྐད་ཆ་རྣ་བར་འགྲོ་དཀའ་བ་དང་། སྒོར་འཛུལ་དཀའ་བ། རྣམ་འགྱུར་ངན་པ། བྱ་བ་སྒྲུབ་དཀའ་བ ”བཅས་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད། དེར་བརྟེན་ང་ཚོས་ངེས་པ་དུ་བྱ་ཐབས་ནུས་ལྡན་སྤྱད་ནས་སྲིད་གཞུང་གི་འགན་ནུས་ལ་འགྱུར་ལྡོག་ཏན་ཏིག་དང་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ་ཞབས་ཞུའི་འདུ་ཤེས་མཐོ་རུ་གཏོང་དགོས། སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་གྱི་འཛུགས་སྐྲུན་ལ་སྐུལ་མ་ཏན་ཏིག་དང་སྲིད་འཛིན་ཞིབ་མཆན་ལམ་སྲོལ་དང་ལམ་ལུགས་གསར་གཏོད་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྒོ་ཀུན་ནས་ཡར་རྒྱས་དང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་དགོས།
ཁོར་ཡུག་ལེགས་པོ་ཡོང་བར་སྤྱོད་གཙང་ནུས་ཆེའི་སྲིད་དོན་གྱི་ཁོར་ཡུག་དང་། གཞུང་དྲང་ཀུན་གསལ་གྱི་ཁྲིམས་ལུགས་ཁོར་ཡུག དྲང་སྙོམས་ཡིད་རྟོན་གྱི་ཁྲོམ་རའི་ཁོར་ཡུག གུ་ཡངས་མཐུན་སྦྱོར་གྱི་ལས་ཀའི་ཁོར་ཡུག་བཅས་སྔར་བས་གཏོད་པ་དང་འཛུགས་སྐྲུན་ཆེན་པོ་དང་། འཕེལ་རྒྱས་ཆེན་པོ། མཆོང་སྐྱོད་ཆེན་པོ་བཅས་ཀྱི་ཁོར་ཡུག་བཟང་པོ་སྔར་བས་གཏོད་དགོས། སྤྱོད་གཙང་ནུས་ཆེ་དང་། གཞུང་དྲང་ཀུན་གསལ། དྲང་སྙོམས་ཡིད་རྟོན། གུ་ཡངས་མཐུན་སྦྱོར་བཅས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་པར་ངེས་པར་དུ “དགོས་པ་གསུམ ”བྱེད་ཐུབ་པ་བྱེད་དགོས་པ་སྟེ། སེམས་ཁྲལ་དང་དཀའ་ངལ་སེལ་བ། ཞབས་ཞུའི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་ཐོག་ཐབས་བརྒྱ་ཇུས་སྟོང་ངང་དཀའ་ངལ་དང་གནད་དོན་སེལ་དགོས་པ་དང་གཅིག ལྷུག་གཏོང་དང་ཁུར་པོ་ཡང་དུ་གཏོང་བ། ཁུར་པོ་ཡང་དུ་གཏོང་བ་དང་འཁོར་སྐྱོད་ཀྱི་མ་གནས་ཉུང་དུ་གང་ཐུབ་བཏང་སྟེ་ཁེ་ལས་སྟོབས་ཆེར་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་གཉིས། ཞིབ་བཤེར་ནན་པོ་དང་ཐག་གཅོད་ཏན་ཏིག་བྱེད་པ། ཁྲིམས་འཛིན་དང་སྒྲིག་འཛིན་སྡེ་ཚན་ལ “ཁྲིམས་ནན་པོར་འཛིན་པ་དང་དྲང་གཞག་ངང་ཁྲིམས་འཛིན་པ། ཡ་རབས་ངང་ཁྲིམས་འཛིན་པ ”བཅས་བྱས་ཏེ “ཚང་མ་ནི་མ་འཇོག་གི་ཁོར་ཡུག་དང་ཚང་མས་བོད་ཀྱི་གཟུགས་བཪྙན་གྱི་ཚབ་བྱེད་པའི ”འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དང་གསུམ་བཅས་རེད།
སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་འགག་རྩ་ནི་མཐའ་འཁྱོངས་བྱེད་པར་ཐུག་པ་དང་། གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་པ། གོང་འོག་སེམས་པ་གཅིག་ཏུ་སྒྲིལ་ནས་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུར་ཐུག་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་སྐུལ་མ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཡོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས།