དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གསར་གཏོད་ཀྱི་སྒུལ་ཤུགས་མཁོ་འདོན་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ལོ་གསར་པ་ཤར་མ་ཐག་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་འགག་རྩའི་དུས་སུ་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་ཚོགས་འདུའི་ཐོག་2010ལོ་འཁོར་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་པའི་རང་ལྗོངས་ཀྱི་ཕུལ་བྱུང་ཚན་རིག་ཞིབ་འཇུག་རྣམ་གྲངས་དང་དེ་བཞིན་2008—2009ལོ་བར་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་ཕུལ་བྱུང་ཚན་རིག་ཞིབ་འཇུག་རྣམ་གྲངས་ལ་བྱ་དགའ་སྤྲད་པས་རང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་གཞག་སྔར་བས་གོང་འཕེལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཡོང་རྒྱུར་སྐུལ་མ་གཏོང་བའི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་བྱ་དགའ་ཐོབ་པའི་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་ཚན་རིག་ལག་རྩལ་འཐབ་ཕྱོགས་ཐོག་དཀའ་སྤྱད་ངལ་རྩོལ་བྱེད་མཁན་མི་རིགས་ཁག་གི་ཚན་རིག་ལག་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།  

        ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་རྨང་གཞིའི་ཐོན་ཁུངས། འབྱུང་འགྱུར་འཕེལ་རྒྱས་སྣེ་འདྲེན་བྱེད་པའི་གཙོ་ཁྲིད་སྟོབས་ཤུགས་བཅས་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཚན་རིག་ལག་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཀྲང་ཆིང་ལིས “བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་དུ་འགྱུར་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་ནི་ཚན་རྩལ་ནས་བྱུང་བ་དང་ཚན་རྩལ་གྱི་འཕེལ་རྒྱས་གསར་གཏོད་མེད་ཚེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་མི་ཐུབ། ཚན་རྩལ་ཁོ་ནས་མ་གཏོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་མི་ཐུབ ”ཅེས་མཛུབ་སྟོན་གནང་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་རིགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2010ལོའི་ལོ་མཇུག་བར་དཔལ་འབྱོར་འཕེལ་རྒྱས་ལ་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་33%དང་ཚན་རྩལ་ཁྱབ་གདལ་གཏོང་ཚད་80%ཟིན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཚན་རྩལ་གྱིས་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། ཚན་རྩལ་གསར་གཏོད་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ་དང་ཚན་རྩལ་ནུས་པའི་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་ལྗོངས་ཡོངས་སུ་ས་མཐོའི་ཁྱད་ཆོས་ལྡན་པའི་ཚན་རིག་རྣམ་གྲངས་མང་བ་དང་ཁྱབ་ཁོངས་མང་བའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་གྱི་མ་ལག་ཅིག་སྤྱིར་ན་ཆགས་པ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པའི་ཕན་འབྲས་མངོན་གསལ་དོད་པས་ཞིང་འབྲོག་པའི་འབབ་འཕར་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་བྱེད་པ། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་སྔར་བས་ཆེ་རུ་སོང་བ་དང་དམངས་འཚོའི་ཚན་རྩལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང “གསེར་གྱི་ཉི་མའི་འདུ་འགོད ”སོགས་དང་ལྷག་པར་དུ་ཉི་འོད་ནུས་པའི་རྫབ་རླངས་དང་ཉི་འོད་ནུས་པའི་དྲོད་བསྡུ་དྲོད་གཏོང་ལག་རྩལ་དང་དེ་བཞིན་དེ་མཚུངས་ཀྱི་ཐོན་རྫས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་སོང་སྟེ་རང་ལྗོངས་ཀྱི་སྟོང་ཆ་གསབ་ནས་མིག་སྔར་བོད་འདི་རྒྱལ་ཡོངས་སུ་ཉི་འོད་ནུས་པ་སྤྱོད་ཚད་མཐོ་ཤོས་དང་སྤྱོད་ཡུལ་ཆེ་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཏུ་གྱུར་པ། ཚན་རྩལ་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་འགྲོ་བ་དང་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཏན་ཏིག་ངང་སྐུལ་མ་གཏོང་བཞིན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ ”ནི་རང་ལྗོངས་སུ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་སྐུལ་མ་གཏོང་བའི་འགག་སྒྲོལ་དུས་སྐབས་ཤིག་ཡིན་པས་ཚན་རྩལ་ལས་དོན་པའི་མདུན་དུ་འཕྲད་པའི་ལས་འགན་ནི་ལྗིད་རྫོབ་ཆེ་ཞིང་དཀའ་ཚེགས་ཆེན་པོ་ཡོད། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་ཆགས་པ་ཧུར་ཐག་བྱེད་དགོས། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་མི་མངོན་པའི་ལེགས་ཆ་ཡིན་པས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་དེ་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱ་རྒྱུ་ནི་རང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལས་དོན་ལ་འཕྲད་པའི་དངོས་ཡོད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚན་རྩལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། ཚན་རྩལ་གསར་གཏོད་ཀྱི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱེད་དགོས། ཚན་རྩལ་ཡར་རྒྱས་དང་གསར་གཏོད་ཀྱི་རྩ་བའི་དམིགས་ཡུལ་ནི་ཚན་རྩལ་དང་དཔལ་འབྱོར་ཟུང་དུ་སྦྲེལ་རྒྱུར་སྐུལ་མ་གཏོང་བ་དང་ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། ཤེས་ལྡན་པའི་ལྗོངས་སྟོབས་ཆེའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་གསར་གཏོད་རྣམ་པའི་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་དགོས། ཚན་རྩལ་གྱི་ཤེས་ལྡན་མི་སྣ་ནི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གསར་འབྱེད་པ་གལ་ཆེན་དང་ཚན་རྩལ་ཤེས་བྱ་བརྒྱུད་སྤེལ་བྱེད་མཁན་གལ་ཆེན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤེས་ལྡན་པའི་ལྗོངས་སྟོབས་ཆེའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ “ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཤེས་ལྡན་པ་སྔོན་དུ་འཇོག་པ། དེ་རྩ་བར་བརྩི་བ། ལམ་སྲོལ་གསར་གཏོད་བྱེད་པ། གསོ་སྦྱོང་དང་འགུགས་ཐབས་གལ་ཆེ་མཉམ་དུ་བརྩི་བ། ཁྱོན་ཡོངས་ནས་གསར་སྤེལ་བྱེད་པ ”བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་གི་མཛུབ་ཁྲིད་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་དང་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཤེས་ལྡན་པའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་ནུས་པ་སྔར་བས་མཐོ་རུ་གཏོང་དགོས། ང་ཚོས་ད་དུང་གྲོང་གསེབ་ཀྱི་ཚན་རིག་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པར་སྔར་བས་ཞབས་འདེགས་ལེགས་པ་ཞུ་བ་དང་། དམངས་འཚོའི་ཚན་རྩལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ། 《དམངས་ཡོངས་ཀྱི་ཚན་རྩལ་བྱང་ཚད་ཀྱི་བྱ་སྤྱོད་འཆར་གཞིའི་རྩ་གནད 》ནན་ཏན་ངང་ལག་ལེན་བསྟར་ཏེ་དམངས་ཡོངས་ཀྱི་ཚན་རིག་དང་རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱས་ཏེ་ཚན་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་བཅས་བྱེད་དགོས།

        རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཟིན་པས་དེ་བས་ལྟ་ན་སྡུག་པའི་བོད་ཀྱི་ཆེད་དུ་ང་ཚོ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་སྒུལ་ཤུགས་སུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལེགས་སྐྱེས་འབུལ་བ་དང་། འབད་འབུངས་ཡར་བརྩོན། ཡང་འབད་བསྐྱར་འབད་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བས་ལེགས་པ་དང་དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཡོང་ཆེད་འདེགས་སྐྱོར་གལ་ཆེན་དང་གསར་གཏོད་ཀྱི་སྒུལ་ཤུགས་འདོན་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།