དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནུས་རྩལ་མང་ཙམ་ལྡན་ཚེ་རྒྱུ་ནོར་དེ་བས་མང་པོ་གཏོད་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དཔྱད་གཏམ་ཐུང་ངུ།

        ལྷ་ས་སོགས་ས་ཁུལ་གྱི་བཟོ་སྐྲུན་ལས་ཡུལ་ཐོག་ལས་ཀ་བྱང་ཆུབ་པའི་ལས་མིས་བབ་བརླིང་ངང་ལས་ཀ་བྱེད་བཞིན་ཡོད། ཞིང་འབྲོག་ཐོན་ཟོག་ལས་སྣོན་བཟོ་གྲྭ་ཁ་ཤས་ནང་ནུས་རྩལ་སྣ་གཅིག་ལྡན་པའི་ལས་མིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་བཞིན་ཡོད་མོད། འོན་ཀྱང་ཞིང་འབྲོག་ཁུལ་དུ་གཞོན་དར་ཁ་ཤས་ཁྱིམ་དུ་ལས་མེད་ངང་བསྡད་ཡོད། ཕྱིར་ཡོང་འབབ་གསོག་པར་མི་འགྲོ་བའི་རྒྱུ་མཚན་དྲི་སྐབས་མང་ཆེ་བས་འགྲོ་འདོད་འདུག འོན་ཀྱང་བཟོ་གྲྭ་དང་ཡང་ན་ལས་ཡུལ་གང་ཡིན་རུང་ཚང་མར་ལག་རྩལ་བྱང་ཆུབ་པ་དགོས་པས་རྩལ་ནུས་སྣ་གཅིག་མེད་ཚེ་གླ་པར་བསྡུ་འདོད་བྱེད་ཀྱི་མི་འདུག་ཅེས་ཤོད་ཀྱི་འདུག

        ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་འཕེལ་རྒྱས་ཕྱིན་པ་ལས་ཕྱིར་གླ་པར་འགྲོ་བའམ་ཡང་ན་ཁྱིམ་དུ་ཞིང་ལས་བྱེད་པ་དང་ཕྱུགས་འཚོ་བ་གང་བྱེད་རུང་ཞིང་འབྲོག་པར་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱེད་པའི་འགག་རྩ་དེ་ལས་རིགས་རྩལ་ནུས་དང་རིག་གནས་བྱང་ཚད་ལ་རག་ལུས་ཡོད། དེར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པ་ར་སྤྲོད་བྱུང་ཡོད།

        གནས་ཚུལ་དེ་རིགས་ལ་དམིགས་ནས་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སོགས་སྡེ་ཚན་གྱིས་ལྗོངས་ཕྱི་ནང་གི་ངལ་ནུས་ཁྲོམ་རའི་དགོས་མཁོར་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་ཆེད་ལས་རྩལ་ནུས་སྣ་ཚོགས་ཀྱི་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་ལྟེ་གནས་ཀྱིས་སྤྲོད་མཁོ་ཕྱོགས་གཉིས་པོའི་གནས་ཚུལ་ཤེས་རྟོགས་བྱས་པས་གསོ་སྦྱོང་བྱེད་སྐབས་དམིགས་སའི་རང་བཞིན་ཀྱང་ཆེ་ཙམ་ལྡན་ཡོད་པ་རེད། ཕྱིར་ལས་ཀ་འཚོལ་འདོད་ཡོད་པའི་གཞོན་དར་ངོས་ནས་བརྗོད་ན་གསོ་སྦྱོང་ནང་ཞུགས་ནས་རྩལ་ནུས་སྣ་གཅིག་ཁོང་དུ་ཆུད་ཚེ་ངལ་ནུས་ཁྲོམ་རའི་ཐོག་དེ་བས་ཆེ་བའི་འགྲན་ནུས་ལྡན་ཐུབ།

        ཞིང་འབྲོག་མང་ཚོགས་ལས་མིར་ཆེད་ལས་རྩལ་ནུས་གསོ་སྦྱོང་བྱེད་རིང་ཉེར་སྤྱོད་ལག་རྩལ་ལ་དོ་སྣང་བྱེད་དགོས་པ་དང་ས་གནས་ཁག་གི་དངོས་ཡོད་གནས་ཚུལ་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་རྒྱུ་ཟུང་འབྲེལ་བྱེད་ཆོག རང་ལྗོངས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་དངོས་ཡོད་དགོས་མཁོ་ལྟར་ཁྱིམ་ཕྱུགས་ཐོན་ཟོག་དང་གསོག་འཇོག་དང་གསོ་ཉར་ལས་སྣོན་དང་། ཞིང་ལས་ཐོན་ཁུངས་བེད་སྤྱོད། ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་བྱེད་པ། ཕྱུགས་རིགས་དང་བྱ་རིགས་སྤུས་ལེགས་རིགས་རྒྱུད་སྐྱེད་སྲིང་བྱེད་པ་སོགས་ཐད་གསོ་སྦྱོང་གཙོ་གནད་དུ་བྱེད་ཆོག རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྩལ་ནུས་ཐད་དེ་བས་མཐོང་ཆེན་བྱེད་དགོས་པ་དང་ཐང་ག་འབྲི་སྟངས་དང་། བོད་ཚོན། བོད་གྲི་བཟོ་སྟངས། ཁྱད་ལྡན་འདེབས་འཛུགས། གསོ་ཚགས་སོགས་ཐད་ཀྱི་ལག་རྩལ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ནི་དེང་སྐབས་ཀྱི་དགོས་མཁོ་ཡིན་ལ་ཕུགས་ལའང་མཁོ་ཆེ་བ་ཞིག་ཡིན་པ་མ་ཟད། ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་མི་རིགས་ལག་ཤེས་བཟོ་རྩལ་དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་ལྗོངས་ཀྱི་ཡུལ་སྐོར་དཔལ་འབྱོར་དེ་བས་མྱུར་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་པ་དང་གསོ་སྦྱོང་ངེས་ཅན་བྱས་པ་བརྒྱུད་ཞིང་འབྲོག་པ་ལས་མི་ལས་ཀར་འགྲོ་བ་དང་། བྱ་གཞག་གཏོད་པ། འཕེལ་རྒྱས་འགྲོ་བ་བཅས་ཀྱི་གོ་སྐབས་ཀྱང་དེ་བས་མང་དུ་འགྲོ་སྲིད།

        གསོ་སྦྱོང་བྱེད་པའི་བྱ་ཐབས་ཐད་ས་གནས་ཁག་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཁ་གྲམ་སློབ་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ལས་སླ་སྤྱོད་བདེ་ཡོང་གང་ཐུབ་བྱེད་དགོས། ཞིབ་ཕྲའི་གསོ་སྦྱོང་ནང་དོན་ཐད་ཚད་ལྡན་དང་གཅིག་གྱུར་དོན་གཉེར་བྱེད་དགོས་ལ་ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་དོན་དངོས་དང་ལས་རིགས་ལས་གནས་ཀྱི་བླང་བྱར་དམིགས་ནས་བལྟས་པ་ཙམ་གྱིས་ཤེས་པ་དང་། སྦྱངས་པ་ཙམ་གྱིས་ཤེས་པ། བྱས་པ་ཙམ་གྱིས་ཁོང་དུ་ཆུད་པ་བཅས་ཀྱི་སྟབས་བདེའི་བསླབ་གཞི་རྩོམ་འབྲི་བྱེད་དགོས། དུས་མཚུངས་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཞུགས་ཆ་འཕྲིན་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཁྲོམ་ར་འཐུས་ཚང་དུ་གཏོང་དགོས་པ་དང་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གནས་འོས་སྦྱོར་བྱེད་རོགས་བྱེད་དགོས། ཞིང་འབྲོག་པས་ཁོང་དུ་ཆུད་པའི་རྩལ་ནུས་སྤྱད་དེ་རང་བརྟེན་ལས་ལམ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་ཞུགས་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་ནས་བྱ་གཞག་གཏོད་རྒྱུར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་གསོ་སྦྱོང་བྱས་པའི་ཞིང་འབྲོག་པས་ལས་ཞུགས་གང་ལེགས་ཐུབ་པ་དང་ཁྱིམ་དར་ཕྱུག་འགྱུར་ཡོང་བར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།