དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

     བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།  

        ལོ་གསར་པ་ཤར་མ་ཐག་རང་ལྗོངས་སུ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞི་ལག་ལེན་བསྟར་བའི་གལ་ཆེའི་དུས་སྐབས་སུ་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་ཚོགས་འདུ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། དེ་ནི་རང་སྐྱོང་ལྗོངས་ཀྱིས་དུས་རབས་གསར་པའི་ནང་འཚོགས་པའི་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་ཚོགས་ཆེན་དང་པོ་དེ་ཡིན་པ་རེད།

        ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་རྩ་བར་འཛིན་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་རེའི་ཏང་གིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གྱིས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དུས་ཐུང་ལོ་བཅུ་ཕྲག་རིང་སློབ་གསོའི་བྱ་གཞག་དེ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། རིགས་རྐྱང་པ་ནས་ཕྱོགས་བསྡུས། ཆུ་ཚད་དམའ་བ་ནས་མཐོ་བའི་བར་བཅས་ལ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་སློབ་གྲྭར་མ་བསྐྱོད་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། འབྲིང་རིམ་སློབ་གསོ། མཐོ་རིམ་སློབ་གསོ། ལས་རིགས་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་དེང་རབས་ཀྱི་སློབ་གསོའི་མ་ལག་ཅིག་ཆགས་ཡོད་ལ་ལྷག་དོན་དུ་དུས་རབས་གསར་པར་སླེབས་ཚུན་བོད་ཀྱི་སློབ་གསོ་འདི་ཉིད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གསར་པ་བྱུང་ནས་ལྗོངས་ཡོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་རྫོང་དེ་2000ལོའི་གཉིས་ནས་ཚང་མར་ཁྱབ་པ་དང་། གཞོན་དར་ཡིག་རྨོངས་བ་2000ལོའི་39% ནས་1.2%བར་ཆག་པ། སློབ་གསོ་དེ་སྔར་བྱུང་མྱོང་མེད་པའི་གཞི་ཁྱོན་ཆགས་ནས་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་སློབ་གཉེར་གྱི་མཐུན་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སློབ་གསོ་འགན་ལེན་གྱི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ་དེས་མི་དམངས་མང་ཚོགས་ཚོས་སློབ་གསོ་དང་ལེན་བྱེད་པའི་གཞི་རྩའི་དབང་ཆ་འགན་ལེན་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་ཚོའི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་ཧ་ཅང་མཐོ་རུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་དར་རྒྱས། དམངས་འཚོ་ལེགས་སུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན་བཅས་ཀྱི་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད།

        བོད་དར་རྒྱས་ཡོང་བར་སྔོན་ལ་སློབ་གསོ་དར་སྤེལ་དང་ལྗོངས་དར་རྒྱས་ཡོང་བར་སྔོན་ལ་སློབ་གསོ་སྟོབས་ཆེར་གཏོང་དགོས། བོད་འདི་ཉིད་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པས་སློབ་གསོ་འཕེལ་རྒྱས་གཏོང་བར་རྨང་གཞི་དང་། འཐབ་ཇུས། འགག་རྩ་བཅས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། སྤྱི་ཚོགས་འཕེལ་རྒྱས་ངོས་ནས་བལྟས་ཚེ། ཕྱིས་འབྱུང་གི་ལོ་10ནི་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། སློབ་གསོ་འཕེལ་རྒྱས་གཏོང་བར་རིགས་ཁག་གི་ཤེས་ལྡན་པ་སྣ་ཚོགས་ཁག་མང་པོ་རྒྱུན་མི་ཆད་པར་གསོ་སྐྱོང་དང་མཁོ་འདོན་བྱ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་དོན་ཡིན་ལ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ནས་བལྟས་ཚེ། “བཞི་ལྡན ”གྱི་མི་གསར་པ་མི་རབས་མང་པོ་དམིགས་བཀར་དུ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རིང་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པའི་རྩ་བ་དང་འཐབ་ཇུས་ཀྱི་སྟོབས་ཤུགས་ཤིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་ངེས་པར་དུ་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་གལ་ཆེན་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་བྱས་ནས་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

        རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པར་སྔོན་ལ་ངོས་འཛིན་མཐོར་གཏོང་ཏན་ཏིག་བྱས་ནས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས། སློབ་གསོ་ནི་རྨང་གཞི་དང་། འདེགས་སྐྱོར། དམངས་འཚོ། འབྱུང་འགྱུར་བཅས་ཡིན་མོད། འོན་ཀྱང་བོད་ཀྱི་སློབ་གསོ་དེ་རྒྱལ་ཡོངས་དང་སྔར་བཞིན་ཧེ་བག་ཆེན་པོ་འཛོལ་ཡོད་སྟབས་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་གཉེར་བའི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱ་དགོས། སློབ་གསོ་ནི་འཕེལ་རྒྱས་དང་། དམངས་འཚོ། འགྲན་ནུས། འབྱུང་འགྱུར་བཅས་ལ་དམ་འཛིན་བྱེད་པའི་བསམ་བློ་ཞིག་ཡིན་ལུགས་ང་ཚོས་ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས་ཚན་རིག་དང་མཐུན་པའི་འདུ་ཤེས་ཀྱིས་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ལ་ལྟ་བའི་འདུ་ཤེས་ཀྱིས་སློབ་གསོའི་ལས་དོན་ལ་ལྟ་སྟངས་འཛིན་པ། འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་སློབ་གསོའི་ལས་དོན་ལ་ཐབས་དང་ཇུས་འཚོལ་བ། གསར་གཏོད་ཀྱི་བྱ་ཐབས་ཐོག་ནས་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བསམ་བློའི་རྨང་གཞི་ཏན་ཏིག་ངང་སྲ་བརྟན་བཏང་ཁར་སྐུལ་འདེད་གཏོང་དགོས།

        རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་རྣམ་པ་གསར་པ་ཧུར་ཐག་གཏོད་པར་ཚན་རིག་དང་མཐུན་པའི་གཅིག་གྱུར་མཐུན་སྦྱོར་བྱེད་ཐུབ་པ་བྱེད་དགོས། ལྗོངས་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཁྱོན་ཡོངས་ནས་སྟངས་འཛིན་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྒྱལ་ཁབ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་དང་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་གྱི་བླང་བྱ་ལྟར་རིམ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ནས་ཕྱོགས་ཁག་གི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཞིག་ཐུན་མོང་ཐོག་གཉེར་དགོས། རྩ་བ་དམ་འཛིན་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། མཁྲེགས་ཆས་དམ་འཛིན་བྱས་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་མཐུན་རྐྱེན་གཞི་ཁྱོན་ཆེན་པོས་འཐུས་སྒོ་ཚང་དུ་གཏོང་བ། དཔུང་ཁག་དམ་འཛིན་བྱས་ནས་དགེ་རྒན་དང་སློབ་གསོ་དོ་དམ་ལས་བྱེད་པ་གཞི་ཁྱོན་ཆེན་པོས་གསོ་སྦྱོང་བྱེད་པ། དོ་དམ་དམ་འཛིན་བྱས་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་བློ་ཁོག་ཆེན་པོས་སྐུལ་འདེད་གཏོང་བ། སྤུས་ཚད་དམ་འཛིན་བྱས་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།

        རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པར་འགག་རྩ་ནི་དོན་འཁྱོལ་གནད་སྨིན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ལས་འགན་དང་སྲིད་ཇུས་དང་བྱ་ཐབས་ཁག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་སློབ་གསོའི་ལས་དོན་གྱི་འགོ་ཁྲིད་ནུས་པ་སྔར་ལས་སྟོབས་ཆེར་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་སྒོ་ཀུན་ནས་སྐུལ་སློང་བྱས་ཏེ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སློབ་གསོའི་ལས་དོན་གྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་བ། སློབ་གསོའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཞིག་སྔར་བས་ཆགས་པ་བྱ་དགོས།

        བོད་འདི་ཉིད་དར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ནི་སློབ་གསོར་ཐུག་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་འདུན་པ་ཕྲག་ཏུ་འཁུར་བས་རྒྱལ་ཁབ་ཀྱི་དུས་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་རང་ལྗོངས་སུ་རིམ་པས་དོན་འཁྱོལ་དང་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་པ་དང་བསྟུན་ཏེ་བོད་ཀྱི་སློབ་གསོ་དེང་རབས་ཅན་དུ་བསྐྱོད་པའི་གོམ་སྟབས་སྔར་ལས་བརྟན་དུ་སོང་ནས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེའང་སྔར་ལས་གཡུར་དུ་ཟ་བ་ཞིག་ཐོབ་རྒྱུར་ང་ཚོས་ཡིད་ཆེས་བྱེད་ལ་ང་ཚོས་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་རང་ལྗོངས་སུ་དུས་ཡུན་རིང་འབྲིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང་བོད་འདི་ཉིད་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་ཡོང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་ནུས་ལྡན་ཞིག་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།